ཨ་ཡིག་རིག་མཛོད།

མཁན་ཡོན་ཏན་བཟང་བོའི་རྣམ་ཐར་ཉུང་བསྡུས་ཐོས་བསམ་གསེར་གྱི་ཐེམ་སྐས།

25

20240123


མཁན་ཡོན་ཏན་བཟང་བོའི་རྣམ་ཐར་ཉུང་བསྡུས་ཐོས་བསམ་གསེར་གྱི་ཐེམ་སྐས།



       ངེས་དོན་བསྟན་པ་འཛིན་པའི་སྐྱེས་ཆེན། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུལ་དུ་བྱུང་བའི་དགེ་བའི་བཤེས་གཉེན།   སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་གི་མཁན་རབས་སོ་གཉིས་པ་མཁན་ཟུར་ཡོན་ཏན་བཟང་བོ་མཆོག་ནི་ཕྱི་ལོ་1987 ལོའི་ཟླ་གཉིས་པའི་ཚེས་13 ལ་ཡབ་འཇུ་བསོད་ནམས་སྟོབས་རྒྱལ་དང་།   མ་ཡུམ་ལྷོ་བཟའ་བྱང་ཆུབ་སྐྱིད་གཉིས་ཀྱི་སྲས་སུ་མགོ་ལོག་ཨ་སྐྱོང་དཔོན་མོ་ཚང་གི་སྡེ་བར་སྐུ་འཁྲུངས་ཤིང་། གཏེར་ཆེན་སིདྡྷི་བླ་མ་གཞན་ཕན་བདེ་བའི་ཉི་མ་མཆོག་གིས་ཐུགས་བརྩེས་བཀའ་དྲིན་བསྐྱངས་ཏེ་རིན་ཆེན་རྡོ་རྗེ་ཞེས་ལེགས་མཚན་མེ་ཏོག་གི་ཚོམས་བུ་སྤྱི་བོར་བཀོད།   


       དེ་ནས་དགུང་ལོ་བརྒྱད་ནས་ཞང་བོ་བླ་མ་དམ་ལོའི་ཕྱག་ཁྲིད་ལ་ཕེབས་ཤིང་། ཡི་གེ་འབྲི་ཀློག་དང་ཆོ་ག་ཆོས་སྤྱོད་སྣ་ཚོགས་ཚེགས་མེད་དུ་ཐུགས་ལ་མཁྱེན།    དགུང་ལོ་བཅུ་གསུམ་སྟེང་གསེར་རྟ་བླ་རུང་ལྔ་རིགས་ནང་བསྟན་སློབ་གླིང་དུ་ཕེབས་ཏེ།   བསླབ་ཆུང་འཛིན་གྲྭར་ཞུགས་ནས་གནས་བརྟན་འདུལ་འཛིན་ཆེན་པོ་མཁན་སྤྲུལ་དྷི་མཁས་སོགས་མཁས་བཙུན་གཉིས་ལྡན་གྱི་སྐྱེས་ཆེན་མང་བོའི་མདུན་དུ་བྱང་ཆུབ་སྤྱོད་འཇུག་དང་། སྡོམ་གསུམ་བསླབ་བྱ།   སུམ་རྟགས་སོགས་ཐུན་མོང་རིགས་གནས་བཅས་ལ་སློབ་གཉེར་གནང་སྟེ་སྦྱང་འབྲས་ཕུལ་བྱུང་གི་རྣམ་དཔྱོད་ཐུགས་ཀྱི་རྒྱན་དུ་བླངས།   


       དགུང་ལོ་བཅུ་བཞིའི་སྟེང་བླ་རུང་མཁན་པོ་སྒེག་པ་རྡོ་རྗེ་མཆོག་གི་མདུན་སར་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ལ་བླངས།   ལོ་འདི་དག་གི་རིང་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་མདུན་ནས་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་དབང་ལུང་ཁྲིད་གསུམ་གྱི་ཟབ་ཆོས་མང་དུ་གསན་ཞིང་དམ་ཆོས་བདུད་རྩིའི་བཅུད་ཀྱིས་ཐུགས་ཀྱི་བུམ་བཟང་ཡོངས་སུ་མཛེས་པར་བྱས།    དེ་ནས་དགུང་ལོ་བཅོ་ལྔའི་སྟེང་ཕྱིར་རང་དགོན་བསྟན་གཉིས་དར་རྒྱས་གླིང་དུ་ཕེབས་ཏེ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་དམ་པ་རྗེ་ཀུན་གསལ་རྒྱ་མཚོ་མཆོག་དད་གསུམ་གཡོ་བ་མེད་པས་རིགས་ཀྱི་ཁྱབ་བདག་ཏུ་བསྟེན་ནས་གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་ཀྱི་མདོ་སྔགས་ཡོངས་རྫོགས་ཀྱི་གཞུང་ལ་སྦྱང་འགོ་བརྩམས།


      དེ་ཡང་བསྡུས་གྲྭ་དང་བློ་རྟགས། རྣམ་འགྲེལ་རྩ་བ།   གྲུབ་དོན་ས་གསུམ་དང་། རྒྱན་འཇུག་གཉིས་སོགས་གཞུང་ཆེན་མང་བོའི་རྩ་བ་ཐུགས་འཛིན་གནང་རྒྱུ་དང་།   དེ་དག་གི་དཀའ་གནད་དག་ལ་སྤྱི་མཐའ་དཔྱོད་ཀྱི་རིགས་ལམ་རྣམ་པར་དག་པས་བསེད་བཀྲོལ་བྱ་རྒྱུ་བཅས་ཐོས་བསམ་ཡ་མ་བྲལ་བའི་ངང་ནས་ཚད་མ་དང་ཕར་ཕྱིན། དབུ་མ་དང་མཛོད་འདུལ།   ལམ་རིམ་ཆེན་མོ་སོགས་གཞུང་ཆེན་བཀའ་པོད་ལྔ་ལ་ལོ་ངོ་བཅུ་ཕྲག་ལྷག་གི་རིང་ལ་སྦྱང་བ་ཕུལ་ཏུ་བྱུང་བ་མཐར་ཕྱིན་པར་བྱས།   དེ་དག་གི་སྐབས་སུ་རང་དགོན་གྱི་གཉིས་པའི་རྩོད་རྒྱུགས་དང་།   དབྱར་གནས་བློ་རྒྱུགས་སོགས་རྒྱུགས་ཆེན་ཁག་ལ་ཆད་མེད་དུ་ཞུགས་ཤིང་རྒྱུགས་འབྲས་ཨང་རིམ་ཆེས་མཐོ་ཤོས་ལས་དམན་མ་མྱོང་བ་བྱས།   མཁས་དབང་ལྷ་རམས་པ་དགེན་འཇམ་དཔལ་བློ་ཤེས་མཆོག་དང་།   ལྷ་རམས་པ་དགེན་བློ་བཟང་འབྲུག་གྲགས། ཁང་སར་བསྟན་པའི་དབང་ཕྱུག   རང་དགོན་གྱི་མཁན་ཆེན་བློ་བཟང་སྙན་གྲགས་དང་།   མཁན་ཐུབ་བསྟན་སྦྱིན་པ་སོགས་རིས་མེད་ཀྱི་སྐྱེས་ཆེན་དུ་མའི་མདུན་ནས་གསར་རྙིང་ཆོས་རྒྱུད་སོ་སོའི་གཞུང་ཆེན་ཁག་ལ་སྦྱང་བ་གནད་ལ་སྨིན་པ་བྱས།   


     དགུང་ལོ་ཆུང་དུས་ནས་མགོ་ལོག་འཇང་ཆོས་དང་།   མདོ་སྟོད་སྨད་ཀྱི་འཇང་ཆོས། ཀིརྟིའི་ཚད་མའི་དགུན་ཆོས། ཟབ་དོན་དབུ་མའི་བགྲོ་གླེང་སོགས་མཁས་མང་གདན་འཛོམས་ཀྱི་ཆོས་ཚོགས་མང་བོར་ཞུགས་ཤིང་།   བགྲོ་གླེང་བརྩམས་ཆོས་དང་། དམ་བཅའ་ཆེ་ཆུང་། རྩོད་པའི་རིགས་ལམ་སོགས་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ལ་ཆགས་ཐོགས་མེད་པའི་ཤེས་རབ་ཀྱི་རྩལ་ཆེན་རྫོགས་ཏེ་ཕྱོགས་སོ་སོས་མཁས་པ་མང་བོས་བསྟོད་སྔགས་ཕུལ།      དགུང་ལོ་ཉེར་ལྔའི་སྟེང་ངེས་དོན་གྱི་འདུལ་འཛིན་ཆེན་པོ་རང་དགོན་གྱི་བསྟན་པའི་མངའ་བདག་མཁན་ཆེན་བློ་བཟང་སྙན་གྲགས་མཆོག་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཏེ་གསུམ་ལྡན་ཚུལ་ཁྲིམས་གཙང་མའི་འོད་སྣང་གིས་ཀུན་གྱི་དད་གསུམ་མེ་ཏོག་གི་འཕྲེང་བ་གཅིག་ལས་གཉིས་ལྷག་ཏུ་འདྲེན་པར་བྱས།      དགུང་ལོ་ཉེར་བདུན་ནས་རང་དགོན་གྱི་རྨད་བྱུང་ཐོས་བསམ་གླིང་གི་དཔེ་ཁྲིད་དགེ་རྒན་དུ་བསྐོས་བཞག་བྱས་ཤིང་དེ་ནས་བཟུང་དགོན་འདིར་བསྡུས་གྲྭ་དང་བློ་རྟགས་རྣམ་འགྲེལ་སོགས་གཞུང་ཆེན་མོའི་འཆད་ཁྲིད་ཆད་མེད་དུ་གནང་།   


    དེ་ནས་དགུང་ལོ་སུམ་ཅུའི་སྟེང་བསྟན་པ་གཉིས་ལྡན་གྱི་ཆོས་སྡེ་ཆེན་པོ་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་གི་མཁན་ཆེན་རྡོ་རྗེ་འཆང་གི་ཇི་ལྟར་བཀས་བཅད་པ་ལྟར་འཚོགས་ཆེན་མཁན་པོར་བསྐོས་བཞག་བྱས་ཤིང་མཁན་རབས་སོ་གཉིས་པའི་མཚན་གྱི་ཅོད་པན་དབུ་ལ་བསྒྲོན་ཏེ་ཁྲིར་བཞུགས་གནང་།   ལོ་གསུམ་གྱི་རིང་དགོན་འདིའི་ཆོས་སྲིད་བསྟན་པའི་འགན་དབང་ཕྲག་ཏུ་བཞེས་ཏེ་འདུས་སྡེ་སྤྱི་ལ་བྱང་ཆུབ་ལམ་རིམ་དང་། ལམ་གཙོ་རྣམ་གསུམ་སོགས་ཀྱི་བཀའ་ཆོས་གནང་ཞིང་།   གྲྭ་ཚང་རྣམ་གཉིས་ཀྱི་སྒྲིགས་ལམ་ཆེ་ཕྲ་མཐའ་དག་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་གྱི་སྒོ་ནས་མཛད་རྗེས་བླ་ན་མེད་པ་བསྐྲུན།   ཆོས་དད་མང་ཚོགས་ཡོངས་ལ་ཞགས་བརྒྱའི་ཆོས་ཐོགས་ཀྱི་སྐབས་སུ་ལམ་རིམ་ཆེན་མོའི་འཆད་ཁྲིད་སོགས་གནང་ནས་ཡུལ་དགོན་གཉིས་ལ་མཛད་ཕྲིན་འཁོར་ལོ་གསུམ་གྱིས་འོད་སྣང་གིས་ཁྱབ་པར་བྱས།    གཞན་ཡང་།   མགོ་ལོག་འཇང་དགུན་ཆོས་ཀྱི་རྒྱུན་ལས་ཚོགས་མི་དང་། རང་དགོན་གྱི་རྨད་བྱུང་ཐོས་བསམ་གླིང་གི་སློབ་གཙོ་དང་བོ།   དགོན་པ་དོ་དམ་ཁང་གི་ཚོགས་གཙོ་སོགས་ལས་འགན་མཐའ་དག་བསྟན་པ་སྤྱིའི་དར་རྒུད་ལ་གཞིགས་ནས་ཁུར་དུ་བཞེས།   


       2020 ལོ་ནས་བཟུང་དགེ་ལྡན་རབ་འབྱམས་གཙུག་ལག་སློབ་གཉེར་ཁང་གི་རབ་འབྱམས་རྒྱུགས་སྤྲོད་ལ་ཞུགས་ཏེ་སླར་ཡང་གཞུང་ཆེན་བཀའ་པོད་ལྔ་ལ་ཤིན་ཏུ་ཞིབ་པའི་རིགས་ལམ་ནས་སྦྱང་བརྩོན་གྱི་དཀའ་ངལ་དང་དུ་བླངས་ཏེ་ལོ་རེ་བཞིན་རྒྱུགས་འབྲས་ཕུལ་དུ་བྱུང་བ་བླངས།     2021ལོ་ནས་བཟུང་རང་དགོན་གྱི་སྔགས་རིམ་འཛིན་གྲྭར་ཞུགས་ཤིང་བཀའ་དྲིན་མཚུངས་མེད་བླ་མ་རྡོ་རྗེ་འཆང་ཆེན་པོ་རྗེ་ཀུན་གསལ་རྒྱ་མཚོའི་མདུན་དུ་མཁན་སྤྲུལ་དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མ་དང་ལྷན་དུ་སྔགས་གཞུང་ལ་སྦྱང་བ་བྱས།   མདོར་ན་བསྡུས་གྲྭ་བློ་རྟགས་ལ་སྦྱང་སྟེ་འགྲན་ཟླ་བྲལ་བའི་རྣམ་དཔྱོད་ཀྱི་རིགས་ལམ་ལ་ཀུན་གྱིས་བསྟོད་སྔགས་ཕུལ་བ་ནས་བཟུང་།   མཐར་གསང་ཆེན་བརྒྱུད་སྡེའི་དགའ་སྟོན་ལ་མ་རེགས་ཀྱི་བར་དུ་རྣམ་དག་འདུལ་ཁྲིམས་གཙང་མའི་ཡོན་ཏན་གཞིར་བཟུང་སྟེ་མདོ་སྔགས་ཀྱི་གཞུང་ཆེན་དག་ལ་གུས་བརྟག་བརྩོན་པའི་དཔུང་ཤུགས་ཐེངས་གཅིག་ཀྱང་མ་ལྷོད་པར་མཁྱེན་རབ་ཡེ་ཤེས་ཀྱི་སྣང་བ་དཀར་བོས་འཁོར་ཡུགས་ཀུན་ཏུ་མཛེས་པར་བྱས་པ་འདི་ནི་སུས་ཀྱང་བསྐྲུན་པར་དཀའ་བའི་རྣམ་ཐར་གཙང་མའི་རྒྱུད་རིམ་ཞིག་གོ།   དེ་ལྟར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་དུས་འདའ་བར་བྱས་ཏེ་ད་ལྟ་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་དུ་གཞུང་ཆེན་དཔེ་ཁྲིད་ཀྱི་འགན་བཞེས་བཞིན་སྐུ་འཚོ་ཞིང་བཞུགས་པ་ལགས་སོ།།   

ཞེས་སྐུ་ཚེ་ཐོས་བསམ་ལ་བསྐྱེལ་བའི་བཤེས་གཉེན་དམ་པ་མཁན་ཟུར་ཡོན་ཏན་བཟང་བོ་མཆོག་གི་རྣམ་ཐར་ཉུང་བསྡུས་འདི་གཞན་གྱིས་བསྐུལ་བ་ལྟར་དམ་པ་ཁོང་གི་ཆོས་གྲོགས་གྱི་ན་བ་མགོ་ལོག་བློ་བཟང་ཤེས་རབ་ཀྱིས་སྒྲོ་འདོགས་དང་འུད་བསྟོད་ཀྱི་ཕྱོགས་སུ་མ་ལྷུང་བར་བྱས་ཏེ་བྲིས།



03.png


分享到: