ཨ་ཡིག་རིག་མཛོད།

ཨ་སྐྱོང་དཔོན་སྤྲུལ་རྭ་ལོ་འམ་བློ་བཟང་འཇིགས་མེད་བཀྲ་ཤིས་མཆོག་གི་རྣམ་ཐར་མདོར་བསྡུས་བཞུགས་སོ།།

19


ཨ་སྐྱོང་དཔོན་སྤྲུལ་རྭ་ལོ་འམ་བློ་བཟང་འཇིགས་མེད་བཀྲ་ཤིས་མཆོག་གི་རྣམ་ཐར་མདོར་བསྡུས་བཞུགས་སོ།།


མི་ཤེས་སྨག་དང་ལྟ་ངན་ལོག་རྟོག་མུན།།

རྟེན་འབྱུང་ལྟ་དང་འཚེ་མེད་ཉི་མའི་འོད།།

བསྐལ་བའི་མེ་དང་བུད་ཤིང་འཕྲད་པ་བཞིན།།

ལྷག་མེད་བཅོམ་མཁས་སྟོན་པ་མཆོག་དེས་སྐྱོངས།།


མ་རུངས་གདུག་པའི་གཤེད་དུ་བཞེངས་བའི་ལྷ།།

མཐུ་སྟོབས་དབང་ཕྱུག་གསང་བདག་ཟློས་པའི་གར།།

མཆོག་སྤྲུལ་གང་གི་རྣམ་ཐར་མདོར་བསྡུས་ཤིག།   

སྐལ་ལྡན་དད་པའི་ཞིང་དུ་འགྲེམ་ལ་སྤྲོ།།   


   བོད་རབ་བྱུང་བཅོ་བརྒྱད་པ་ཤིང་་མོ་གླང་གི་ལོ་སྟེ། སྤྱི་ལོ 1985 ལོར་ཡབ་ཨ་ཤེར་དང་། མ་ཡུམ་དོམ་བཟའ་ཅ་པོ་གཉིས་ཀྱི་སྲས་སུ་ཐི་ལམ་རི་རྒྱལ་ཕྱུག་མོའི་ཉེ་འདབས་སུ་ངོ་མཚར་བའི་སྟས་དུ་མ་དང་དང་བཅས་མཚན་དཔེའི་ཉི་གཞོན་གསར་དུ་ཤར།   ཆུང་ངུ་ནས་གཞན་དང་མི་འདྲ་བའི་རྟགས་མཚན་མཚམས་ལ་འདུག་པ་དང་སྒོམ་རྒྱབ་པ་སོགས་ཀྱི་རྟགས་མཚན་མངའ། དགུང་ལོ་གཅིག་ལོན་པ་ནས་བཟུང་ཞང་བོ་བླ་མ་བྱ་བྲལ་བ༧ཆོས་དབྱིངས་རང་གྲོལ་མཆོག་གིས་གཉོར་སྐྱོང་བྱས་ཤིང་ཁོང་གི་སྐུ་མདུན་ནས་ཡི་གེའི་སྦྱོར་ཀློག་སོགས་སྦྱངས་བས་ཚེགས་མེད་དུ་མཁྱེན།། དེ་ནས་དགུང་ལོ་ཅུང་ཆེ་ཙམ་ནར་སོན་པ་ན་ཨ་ལགས་དགེ་ཀྱཱ་རྡོ་རྗེ་འཆང་གི་མདུན་ནས་རབ་ཏུ་བྱུང་། ཞང་བོ་བླ་མ་བྱ་བྲལ་བ་མཆོག་གིས་ཐུགས་བརྩེ་བས་བསྐྱངས་ཏེ། ཁོང་རྣམ་གཉིས་དབུས་གཙང་ཕྱོགས་ཀྱི་གནས་ཆེན་ཁག་དང་། རྒྱ་ནག་རི་བོ་རྩེ་ལྔ་གླང་ཆེན་འགྱིང་རི་སོགས་གནས་མཆོག་རྣམས་དང་། ཁྱད་པར་བྲག་དཀར་སྤྲེལ་རྫོང་། མཚོ་སྙིང་མ་ཧཱ་དེ་ཝ། ཨ་མྱེ་རྨ་རྒྱལ་སྤོམ་ར་སོགས་སུ་ཕེབས་ནས་མཚམས་བསྙེན་བསྒྲུབས་ལོ་དུ་མར་བཞུགས།

ཆུང་དུས་ནས་སྐྱེས་ཆེན་དམ་པ་དུ་མས་སྤྲུལ་བའི་སྐུ་རུ་ངོས་བཟུང་།   གྲུབ་ཆེན་ཅང་རི་འོད་ཁོ་ཚང་གིས་རྭ་ལོའི་ཡང་སྤྲུལ་དུ་ངོས་བཟུང་། ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་ཡང་སྤྲུལ་ཚེ་རིང་བསམ་འགྲུབ་མཆོག་གིས་སྤྲུལ་བའི་སྐུ་ཞིག་ཡིན་པར་གསུངས་ནས་མཚན་ལ་རྭ་ལོ་ཞེས་གསོལ། ཤུགས་ཆུང་བླ་མ་མ་ཎི་ཀུན་བཟང་རྡོ་རྗེ་སོགས་གསར་རྙིང་ཇོ་གསུམ་བཀའ་བརྒྱུད་སོགས་ཀྱི་སྐྱེས་ཆེན་དམ་པ་མང་པོའི་བརྡ་ལུང་དང་བཀའ་གསུང་གཞིར་བཟུང་ནས་ཞང་བོ་བླ་མ་༧ བྱ་བྲལ་ཆོས་དབྱིངས་རང་གྲོལ་དང་གཙང་པཎྜི་ཏ་སོགས་ཀྱི་པདྨ་མདོ་སྔགས་བསྟན་འཛིན་གྱི་སྐུ་འཕྲེང་གསུམ་པ་རྭ་ལོའི་རྡོ་རྗེའི་ཡང་སྤྲུལ་འཁྲུལ་མེད་དུ་ངོས་བཟུང་།   

གསར་རྙིང་རིས་མེད་ཀྱི་བཤེས་གཉེན་མང་དུ་བསྟེན་ནས་བསྟན་པ་ལ་བྱ་བ་མཛད། དགུང་ལོ་བཅུ་དགུའི་སྟེང་ཤར་འོད་ཆོས་མཛད་གྲགས་པ་བཟང་བོའི་ཡང་སྤྲུལ་དགེ་བའི་བཤེས་གཉེན་ཆེན་མོ་༧ ངག་དབང་དངོས་གྲུབ་མཆོག་གི་མདུན་ནས་དགེ་ཚུལ་དང་བསྙེན་རྫོགས་རིམ་ཅན་དུ་བསྒྲུབས་ནས་མཚན་ལ་བློ་བཟང་འཇིགས་མེད་བཀྲ་ཤིས་ཞེས་གསོལ། དེ་མིན་རི་ཤེས་མཁན་ཆེན་༧ བློ་བཟང་བསྟན་པའི་རྒྱལ་མཚན་དང་། ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ། ཤར་སྡོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། མཁན་ཕན་སེམས། གླིང་རྒྱ་བསྟན་འཛིན་རྒྱ་མཚོ། ཇོ་ནང་བླ་མ་ཡོན་ཏན་བཟང་བོ། རྫོགས་ཆེན་པདྨ་སྐལ་བཟང་། བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ། དགེ་བའི་གཤེས་གཉེན་ཨ་ཚོགས་བཀྲ་ཤིས་རྒྱ་མཚོ་སོགས་གསར་རྙིང་ཇོ་གསུམ་དང་ས་སྐྱ་བཀའ་བརྒྱུད་སོགས་ཀྱི་སྐྱེས་ཆེན་དམ་པ་མང་པོའི་མདུན་ནས་དབང་ལུང་མན་ངག་དབུ་རྫོགས་ཕྱག་གསུམ་ལམ་རིམ་བློ་སྦྱོང་སོགས་མཐའ་ཡས་པ་ཞུས་ཏེ་ཉམས་ལེན་མཐར་ཆགས་སུ་མཛད། དགེ་བའི་བཤེས་གཉེན་ཆེན་པོ་ངག་དབང་དངོས་གྲུབ་མཆོག་དང་།བཤེས་གཉེན་དམ་པ་བདེ་ལེགས་རབ་རྒྱས། ཨ་ཁུ་འཇིགས་མེད་བསོད་ནམས། དགེན་ལྷ་རམས་པ་བློ་བཟང་ཤེས་རབ། སྐུ་རྒྱབ་གྲགས་པ། འབྲས་ལྡན་མ་བློ་བཟང་དགེ་ལེགས། དགེ་རྒན་འཇམ་དབྱངས་བསོད་ནམས། དགེན་ཚུལ་ཁྲིམས་རྣམ་རྒྱལ་སོགས་གདན་ཞུས་དགེ་རྒན་གང་མང་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ཏེ་ཐུན་མོང་རིག་གནས་སུམ་རྟགས་དག་གསུམ་དང་། ཐུན་མིན་ནང་དོན་རིག་པ་བསྡུས་གྲྭ་བློ་རྟགས་ནས་བཟུང་ཚད་མ་དང་ཕར་ཕྱིན། དབུ་མ་ལམ་རིམ་བློ་སྦྱོང་སོགས་མདོ་སྔགས་རིག་གནས་དང་བཅས་པ་ལ་ལོ་བཅུ་ཕྲག་ལྷག་གི་རིང་ལ་རིགས་ལམ་གནད་གསང་ཕྲ་མོས་སྦྱང་བ་མི་དམན་པ་བྱས་པས་གཞུང་ལུགས་ལ་ནང་བྱན་ཆུད། སྐབས་དེར་དགེ་རྒན་རྣམས་ཀྱིས་དཔེ་ཁྲིད་སྐབས་སུ་རྒྱུན་དུ་དྲི་བ་བྱས་ཚེ་ལན་གཞུང་དོན་དང་མཐུན་པ།   གནད་དུ་ཁེལ་པ། གོ་བ་གཏིང་ཟབ་པ་སོགས་ལན་རེ་ཙམ་མ་ཡིན་པར་རྒྱུན་ལྡན་དུ་རྟགས་གསལ་གཏོང་ན་རིགས་ལམ་ཧ་ཅང་ཕྲ་བ་དང་སྐྱེས་སྟོབས་ཀྱི་ཤེས་རབ་གཞན་ལས་ཁྱད་དུ་འཕགས་པ་དང་།   ཆོས་གཞུང་ལ་བག་ཆགས་ཡོད་པ་རྣམས་ནི་དྲང་གཏམ་དང་མངོན་གསལ་ལོ།།   དགུང་གྲངས་ཉེར་གཅིག་ཐོག་ལྷ་རི་དགོན་པའི་ཁྲི་བའི་ཐུགས་འགན་ཁུར། ཁྱད་པར་དུ་ཁོང་རིན་པོ་ཆེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཕྱི་ནང་གསང་གསུམ་གྱི་དབང་དང་། རྒྱུད་སྡེ་ཆེན་པོ་བཞི་ས་དགེ་རྙིང་གསུམ་ཇོ་ནང་སོགས་གྲུབ་མཐའ་རིས་སུ་མ་ཆད་པའི་དབང་ལུང་ཆ་ཚང་བ་དང་དབུ་རྫོགས་ཕྱག་གསུམ་ལམ་རིམ་བློ་སྦྱོང་སོགས་བརྒྱུད་པ་ཆ་ཚང་བ་བུམ་པ་གང་བྱོའི་ཚུལ་དུ་གཏད་དེ་ཆིག་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པར་གྱུར་ནས་ཁོང་རིན་པོ་ཆེའི་རྒྱལ་ཚབ་ཏུ་དབང་བསྒྱུར། དགུང་གྲངས་སོ་གསུམ་སྟེང་བྱ་བྲལ་བ་༧ངག་དབང་ཆོས་དབྱིངས་རང་གྲོལ་མཆོག་དང་གདན་ས་འདིའི་དབུ་ཆོས་ཁྲིམས་བླ་གྲྭ་ཡོངས་ཀྱི་ཐུགས་མོས་གཅིག་མཐུན་དུ་ལྷ་རི་དགོན་གྱི་བསྟན་བདག་གམ་དགོན་བདག་ཏུ་མངའ་གསོལ། ད་ལྟ་ལྷ་རི་བཀྲ་ཤིས་མཐོང་གྲོལ་རྡོ་ཁ་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་གི་དགོན་བདག་གྱི་འགན་བཞེས་ནས་རྒྱུད་པ་གྲྭ་ཚང་དང་སློབ་གླིང་བཤད་གྲྭ་བསྒྲུབ་གྲྭ་བཅས་ཀྱི་གཙོ་འགན་གཅིག་ཆོག་བླངས་ནས་ལུང་རྟོགས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་བཞིན་པའི་སྐབས་སོ།།



བྱང་སེམས་རྣམ་ཐར་མཐའ་ཡས་ཆུ་གཏེར་ལས།།   

བློ་གྲོས་ཀུ་ཤུའི་རྩེ་མོས་བླངས་བའི་ཆབ།།   

དད་གསུམ་མྱུ་གུ་སྨིན་པའི་རྣམ་དཀར་ཆ།།   

མར་གྱུར་འགྲོ་རྣམས་བདེ་བའི་རྒྱུ་རུ་བསྔོ།།     


03.png



分享到: