ཨ་ཡིག་རིག་མཛོད།

ཀྱེ་ངག་གི་དབང་མོ་རིག་འཛིན་མ།   གངས་ནག

82

ཀྱེ་ངག་གི་དབང་མོ་རིག་འཛིན་མ།


རྩོམ་པ་པོ་གངས་ནག


སྣང་སྟོང་ཆུ་སྐྱེས་བཞད་པའི་ཟླ་གདན་རྟེན་འབྱུང་འོ་མའི་མཚོ་ལ་རོལ་བར་མཁྲང་རྒྱས་པད་རྩིའི་བྱིན་པ་དཀར་པོ་ཙོག་པུའི་བཞུགས་སྟངས་སྔོན་བཏང་ནས།།   

ཁྱབ་འཇུག་རྐང་པའི་འགྲོས་གྱིས་སྒེག་ཅིང་རྗེས་ཆགས་སྔོ་སངས་སྡུག་གུར་བཀྲ་བ་ཆུ་ཡི་བཞོན་པའི་ཤིང་རྟ་ལ་ཞུགས་རི་དྭགས་མཚན་མའི་རྐང་སྟེགས་ཅན།།

ཚངས་ཆེན་དགྱེས་པའི་ཞལ་གྱི་པད་མོར་དབྱིག་གུ་ཁུ་བའི་ཕོ་ཉས་རྣམ་བྲན་གནོད་སྦྱིན་ཁ་རླངས་འོད་ཞགས་སྣུམ་པོ་ལྷ་རྫས་གོས་ཀྱིས་ཉེར་བསྟན་པས།།

དད་ཞེན་མུ་ཏིག་དོགས་པ་གཡོ་ལྡན་ལས་ཀྱི་ཆུ་བོའི་མཇིང་པར་ལྷུང་ནས་དགའ་བཞི་དབྱིངས་ཀྱི་བརྩེ་ཆེན་མེ་ཏོག་ཕྱག་རྒྱར་འཛུམ་པའི་རོལ་དུ་ལྡེམ།།


སྲིད་གསུམ་དག་པའི་ཕྱག་རྒྱས་རྣམ་བཅིངས་སྣང་སྟོང་གར་གྱི་རྐང་གདུབ་འཁྲོལ་མཛད་རྗེས་མཐུན་བརྩེ་བའི་སྟོང་འཇུག་ཁམས་སུ་ཟོལ་སྦྱོར་འོད་ཀྱིས་གཤེགས་པ་ཡི།།

ཟོ་ཆུན་འཁོར་ལོའི་སྙིང་པོར་ཆགས་ལྡན་ཀུན་དཀྲིས་རལ་བའི་ཉེས་རྡུལ་དཀྲུགས་ལ་དག་བྱེད་འོ་མའི་བུམ་ཆུ་ཐོགས་པའི་རང་བྱུང་ཡེ་ཤེས་སྤྱན་ལྡན་མ།།

སྡུག་བདེན་གོར་མའི་སྙིང་བོར་འཐས་པའི་སྐྱེ་སྲིད་བར་དོའི་ལྕགས་ཀྱི་ཕུང་བོ་ཕྲ་རགས་མ་ལུས་སྦུབས་ལས་གྲོལ་བའི་བརྩེ་ཆེན་སྒྱུ་མའི་ཕྱག་འཕྲུལ་ཅན།།

སྐྱེ་མང་ཀུན་ཉོན་རོ་ལས་མཁྲིད་མཛད་ལེགས་བྲིས་ཆགས་པའི་མཆུ་སྒྲོས་རློན་པས་ཀུན་རྨོངས་སྙིང་ལ་ཐབས་ཤེས་རི་མོའི་ཡིད་འཛིན་མྱོས་པའི་འཕྲུལ་གྱིས་རྩེན།།


ཡན་ལག་དྲུག་བཅུའི་སྐྱེ་མཆེད་ལྷུན་རྫོགས་སྲིད་ཞིའི་རལ་སྟུག་ནགས་ཀྱི་རྩེ་མོར་སྟེང་བཞུགས་སོར་མོའི་འཁྲི་ཤིང་འོད་ལྡན་བདེན་གཉིས་གཤོག་པས་འགུག་གཞུག་གྱིས།།

འཇིག་ཚོགས་ལྟ་བའི་རི་ལ་གནས་བཅས་ཕྲ་རྒྱས་དུག་ཚེར་འཛིངས་པའི་སྡོང་ལོ་ཆོས་དབྱངས་སྒྱུ་མའི་ཕྱག་འཕྲུལ་གཅིག་གིས་རིག་འཛིན་དཔག་བསམ་སྙེ་མར་འགོད།།

རྗེས་མཐུན་བརྩེ་བའི་འགོག་ཞུགས་རླུང་བུས་ཡིད་སྲུབས་མདའ་ལྔའི་གྲགས་པ་བཅོམ་ཏེ་འཆར་རྟོགས་མུན་པའི་ཁང་ཆེན་ཀློང་དུ་ཏིང་འཛིན་རོལ་མོས་དགའ་སྟོན་སྦྱོར།།

སྙན་ཞིང་འཇེབས་པའི་སྨན་སྤོས་བསུང་ཞིམ་བདུད་རྩི་སྒྲེགས་པའི་རྦ་རླབས་དབྱངས་ཀྱི་རང་བྱུང་མགྲིན་པའི་ཁྲུས་ཀྱི་རྫིང་བུར་མཁའ་ལྡིང་དཀར་པོའི་ཟོལ་གྱིས་རྒྱུ།།


ཡེ་ཤེས་སྐེད་སྐབས་ལྟེབ་པའི་འདབ་མར་སྒྱུ་རྩལ་སྦྲང་རྩིའི་ཟིལ་མངར་འཁྱིལ་བས་ལྷ་མི་ཀུན་གྱི་ཡིད་ཀྱི་བུང་བ་དབང་མེད་འཕྲོག་པའི་ཡིད་འཕྲོག་མ།།

སྙན་རྒུའི་པི་ལྦང་དཀར་པོའི་འགྲམ་པ་གསང་ཆེན་འོ་འཛིན་ཐིག་ལེར་རེག་པས་མཉེན་ཕྲན་སོར་མོའི་འགོག་སྣུན་དང་འགྲོགས་སྒྱུ་རྩལ་མཆོད་ཡོན་གནང་མཁན་མ།།

ཆོས་ཀྱི་གདུབ་གོར་འཁྲོལ་བའི་ཞབས་སྐྱེས་དངོས་གྲུབ་རླབས་ཀྱི་བརྩེ་ཞེན་དང་འགྲོགས་འགག་བཟའི་བུ་ཡི་མགྲིན་པའི་བྱེ་ཐང་ངག་རིག་ཁྲུས་ཆབ་བྱེད་པ་མོ།།

མངར་ལྡན་པད་མོའི་གེ་སར་འཛགས་པའི་འཕོ་མེད་དགའ་བཞིའི་ཆུ་སྐྱེས་ཟེའུ་འབྲུ་རྟེན་འབྱུང་སྒྱུ་མའི་འཕྲུལ་གྱིས་འབུར་བ་ཟག་མེད་འོ་མ་བདག་ལ་གནང་།།


ལྷ་རྫས་གོས་ཀྱི་རིན་ཆེན་སིལ་མའི་དོ་ཤལ་དུང་ཆུང་དར་སྐུད་བསླེས་མས་སྦྲེལ་བའི་རང་བྱུང་ཆོས་ཉིད་གོས་ཀྱི་སྨད་ཤམ་ལྷབ་ལྷུབ་བསྐྱོད་པའི་སྒེག་ལྡན་མ།།

ལྷ་ཚོགས་པི་ལྦང་སྙེམས་པ་སྟོར་བྱེད་ཤེལ་དཀར་སོར་མོའི་དྲ་བ་ལ་དགྱེས་རིག་བྱེད་འདབ་མའི་རྔ་ཡབ་གཅིག་གིས་ཡིད་ཀྱི་བུང་བ་འདྲེན་པ་མོ།།

འགྲོ་བ་རིགས་དྲུག་ལེགས་བྱས་མཁའ་ལ་སྨོན་ལམ་སྤྲིན་གྱི་ཐག་པས་རྣམ་དཔྱངས་ཐུགས་བསྐྱེད་དབང་གཞུ་ལྷུན་རྫོགས་ཟམ་སྟེགས་སྡུག་གུར་འཛུམ་པའི་འོད་ལྡན་མ།།

བརྒྱད་ཁྲི་བཞི་སྟོང་འགྱུར་ཁུགས་རབ་རྫོགས་ཟབ་དོན་གླུ་རུ་འགུག་པའི་རོལ་མོ་རྒྱུད་སྟོང་འཕང་འགྲོས་དབྱངས་ལ་བསྡེབས་པས་འདོད་ལྡན་བདག་ལ་བག་ཡོད་གནང་།།


ས་བཅུ་ལམ་ལྔས་འདོད་དགུར་དབང་བསྒྱུར་སྐུ་གསུམ་སེང་ཆེན་གཉའ་བ་ལ་ཞོན་འོ་མཚོ་ལས་འོངས་ཏེ་སེའི་གངས་དང་མ་ཕམ་ནགས་གནས་རྣལ་འབྱོར་མ།།

སྲིད་ཞི་ཀུན་གསལ་བུ་མོའི་གདོང་ལ་རིག་པའི་དམར་འོད་སྦྱིན་པའི་ཆོ་ག་བདེ་སྟོང་འཕང་འགྲོའི་གདངས་ཀྱི་རྣམ་རོལ་ངག་གི་དབང་མོ་དབྱངས་ཅན་མ།།

རིན་ཆེན་དོ་ཤལ་སྟོད་གཡོགས་བཀླུབས་པའི་དུང་གི་ལྗོན་པ་ཡང་བར་བསྐྱོད་པ་མཚན་དཔེ་འདབ་མ་སྟོང་གི་རྒྱན་ལྡན་སྒྱུ་རྩལ་སྦྲང་རྩི་འཛག་པ་མོ།།

ཐུགས་བརྩེ་ཡེ་ཤེས་མེ་ཡི་ཕང་ཕུང་སྐུ་གསུམ་མཁའ་དབྱིངས་ལྟེ་བ་ལས་འཕྱུར་སྒྲིབ་གཉིས་ཚང་ཚིང་བསྲེགས་པ་དང་བཅས་མ་རིག་སྒོ་ལྔའི་སྦུབས་གྲོལ་མ།།


བདེན་པའི་ཆོས་ཉིད་དགའ་བའི་རི་ལ་ཚོགས་གཉིས་རྒྱ་ཆེན་གར་གྱིས་རྣམ་རོལ་ཡིད་འཕྲོག་ཚངས་པའི་མཚོ་ལས་སྨིན་པ་དབྱངས་ཀྱི་རྒྱལ་མོ་བཅོམ་ལྡན་མ།།

ཟག་མེད་བདེ་བའི་ཁུར་བོ་མ་ཐེག་འོ་མཚོ་ལས་འོངས་ཡོ་བའི་ཉམས་ཀྱིས་པཎ་གྲུབ་བྱེ་བའི་རིགས་མར་བསྟེན་ཏེ་ངག་རིག་འོ་མ་སྣུན་པ་མོ།།

རྟེན་འབྲེལ་ཡན་ལག་རིང་ནས་སྤངས་ཤིང་ལང་ཚོའི་སྐྱེ་མཆེད་རྗེན་པར་སྟོན་པ་ཨུཏྤལ་སྔོན་པོའི་མདངས་དང་ལྡན་པའི་ཚེ་རབས་ཀུན་གྱི་སྙིང་གྲོགས་མ།།

མངར་ལྡན་འོ་མ་འཇམ་པོའི་སྙིང་ཁུ་འཇམ་མཉེན་ལྗགས་ཀྱི་ཡུར་བ་ལས་དྲངས་ཞེ་ལ་བདེ་བའི་དབུགས་རབ་འབྱིན་པའི་མཆོག་གི་དབང་མོ་བདག་སྐྱོངས་ཤིག།


03.png


分享到: