སྟོན་པ་མཆོག་དང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ལ་བསྔགས་པ། འདན་ཧུར་པ། ཡུལ་ཤུལ།99
སྟོན་པ་མཆོག་དང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ལ་བསྔགས་པར་བརྗོད་པ་དབྱར་རྔའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། ། འདན་ཧུར་པ། ཡུལ་ཤུལ། ཐུབ་པའི་དབང་པོ། མ་བཅོས་རིང་ལུགས་གོ་ཆ་རབ་བགོས་ཚོགས་གཉིས་པདྨོའི་ནོར་འཛིན་གདན་བཏིང་བྱམས་བརྩེའི་སྣང་བས་འགྲོ་རྣམས་ལ་ཁྱབ་ཕན་བདེ་དཔྱིད་སྟེར་རྫོགས་སངས་རྒྱས། ། སྤང་བླང་འགྲོས་ཀུན་སོ་སོར་འབྱེད་མཁས་མཐའ་བྲལ་ཡེ་ཤེས་དཀྱིལ་འཁོར་མངོན་རྫོགས་དོན་དམ་ཐུགས་བསྐྱེད་ཛ་ཧུའི་བུ་མོས་མ་འདྲེས་ཤེས་བྱའི་ཁྱོན་ཡངས་འགེངས། ། ལྟ་བས་མི་ངོམས་མཚན་དཔེའི་དཔལ་འབར་ལྷུན་གྲུབ་གདོད་མའི་ཆོས་དབྱིངས་ཀུན་ལྡན་སྣང་སྟོང་སྒྱུ་མའི་རྣམ་རོལ་ལས་འདས་དབྱིངས་ཡེ་གཉིས་མེད་དག་པའི་ལྷ། ། སྟོང་དང་རྟེན་འབྱུང་སྨྲ་བའི་དབང་ཕྱུག་ཆོས་ཀུན་རྟོགས་པའི་མཁྱེན་གཉིས་མཐར་སོན་ཉི་ཟླའི་འོད་ཀྱི་གསལ་སྟོང་ཡོངས་གྲུབ་ཐུབ་པའི་ཞབས་རྡུལ་སྤྱི་བོས་བསྙེན། ། སློབ་དཔོན་ཀླུ་སྒྲུབ། ཐ་སྙད་འགྲོས་ཀྱིས་འཆིང་བ་ལས་གྲོལ་ཟབ་མོ་ལྟ་བའི་གནད་གསང་འདོན་མཁས་མཐའ་བརྒྱད་སྤྲོས་པའི་མཚན་མའི་རྟིང་བྲལ་སྟོང་ཆེན་སེང་གེའི་ང་རོ་སྒྲོག ། རྒྱ་གཡེང་བྱིས་པའི་གཏམ་དང་མ་བསླད་དྲི་མེད་སྟོན་ཟླའི་དཀྱིལ་འཁོར་ལྟར་མཛེས་དོན་ལྡན་གཙུག་ལག་རབ་འབྱམས་རྒྱ་མཚོས་ལེགས་པའི་ཤེས་རབ་ཚིམ་པར་བྱས། ། སྣང་སྟོང་གྲུབ་པའི་ཤིང་རྟའི་སྲོལ་འབྱེད་གཉིས་འཛིན་གྲིབ་མའི་རྟག་ཆད་རྩད་གཅོད་གཞི་དབྱིངས་པད་མའི་ཕང་བ་ལ་འཁྱུད་དོན་དམ་དབུ་མའི་རང་བྱུང་བཏོན། ། སྔར་མེད་དོན་གྱི་ཐོས་ལྡན་གཙུག་རྒྱན་ཡངས་པའི་རྒྱལ་ཁམས་ཆོས་ཀྱི་འོད་འབྱེད་སྙིང་པོ་ཡོངས་བཏུས་ཀླུ་སྒྲུབ་དགོངས་པ་འཛམ་གླིང་འཛིན་མའི་དཀྱིལ་འཁོར་འགེངས། ། ཨཱརྻ་དེ་ཝ། སྟོན་པའི་ལེགས་གསུང་ཟླ་ཞུན་བདུད་རྩི་ཡང་ཏིག་ཆོས་ཀུན་ཞིང་འདིར་འདྲེན་མཛད་ཐུགས་རྗེས་ཀུན་ཁྱབ་ཉིན་བྱེད་དབང་པོས་མུ་སྟེགས་རྟ་དབྱངས་བདེན་པས་བཏུལ། ། བསྙེངས་བྲལ་མཁའ་ལྡིང་གཤོག་ཟུང་ཐོགས་པའི་ཕྱོགས་ལྷུང་ལྟ་བའི་སྒྲོག་གུ་ལས་གྲོལ་ཆོས་ཕུང་འོ་མའི་རྒྱ་མཚོའི་བཅུད་ལེན་བསྟན་དང་འགྲོ་རྣམས་ཐུགས་བརྩེ་པ། ། བདེ་གཤེགས་སྟོང་གིས་བསྔགས་དབྱངས་རབ་གཏོར་རྨད་བྱུང་ཡོན་ཏན་ཆ་ཤས་ཡོངས་རྫོགས་དགེ་ལེགས་བྱེ་བའི་ཕོན་པོར་བསྣོལ་མཛད་ཟླ་བྲལ་འཕགས་པ་ལྷ་ཁྱོད་ཀྱིས། ། དྲི་མེད་རང་བྱུང་རིག་པའི་རྣོ་ཕྱུང་གང་གི་ཤེས་རབ་འཇམ་དབྱངས་དང་མཚུངས་མཐའ་བྲལ་སྟོང་ཉིད་གསལ་བར་སྟོན་པས་བུང་བའི་འགྲོ་ཚོགས་བློ་གྲོས་ཡངས། ། འཕགས་པ་ཐོགས་མེད། མི་འཇིགས་སྤོབས་པའི་ཤེས་རབ་དབང་འབྱོར་སྦས་དོན་གནད་ཀྱི་ཟབ་གསང་མཐིལ་བརྟོལ་བྱམས་པའི་མན་ངག་རྗེན་གཅེན་མངོན་ཕྱུང་རྒྱ་ཆེན་དོན་གྱི་བཤེས་གཉེན་ཆེ། ། བཅུ་ཕྲག་རིག་པའི་ཐེམ་སྐས་ལ་བརྟེན་སྣ་མང་ཤེས་བྱའི་མེ་ཏོག་ཀུན་བཏུས་དཔྱོད་ཡངས་དགྱེས་པའི་སྦྲང་རྩི་མངར་ལྡན་གཞུང་ལུགས་རབ་འབྱམས་ཀུན་གསལ་ཀློང་། ། མ་འདྲེས་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་གཟུར་གནས་སྤྱན་གྱི་བུང་བ་འཁོར་མཛད་ཡང་ཡང་གཞིགས་པའི་ཡ་མཚན་སྟོང་བཅས་མཁྱེན་དཔྱོད་ཡངས་པོའི་མཉེས་པའི་རྒྱན། ། གསུང་རབ་གོས་དཀར་མེ་ཏོག་རྫོགས་ལྡན་གང་གིས་འགྲན་མིན་གཞན་སྟོང་དབུ་མའི་སྣ་ཚོགས་རྟེན་འབྲེལ་བཀོད་པའི་དཔལ་མངའ་ཕུལ་བྱུང་རིང་ལུགས་སྤེལ་འདི་རྨད། ། སློབ་དཔོན་དབྱིག་གཉེན། ཕྱི་ནང་གྲུབ་པའི་གཏིང་བརླིང་མཐར་སོན་མཁས་རློམ་ལྟ་བའི་གཞན་དྲིང་མ་དེད་ངེས་དོན་གྲུབ་པའི་ས་མཐོར་གཤེགས་ཏེ་བདེན་དང་ཟོལ་མའི་རྣམ་གཞག་འབྱེད། ། ཕྱོགས་ཞེན་མཁན་པོའི་གྲུབ་མཐའ་མ་བཟུང་ཨུ་ཚུགས་མཁྲེགས་པོའི་བབ་ཅོལ་མ་རེ་ཆོས་རྣམས་སེམས་ཀྱི་ཆོ་འཕྲུལ་རྟོགས་ནས་མདོ་རྒྱུད་ཆུ་གཏེར་ཞིང་འདིར་འདྲེན། ། མཁྱེན་དཔྱོད་ཡངས་པོས་སྲིད་གསུམ་ལ་ཁྱབ་ལྷད་མེད་སྤྲིན་བྲལ་མཁའ་དབྱིངས་དང་མཚུངས་ཁྱེད་ཀྱི་ཐུགས་རྗེ་ཀུན་སྙོམས་གང་དེར་བསྔགས་བརྗོད་མེ་ཏོག་གཏོར་འོས་ཤིང་། ། བུ་སློབ་ཁྲི་ཕྲག་ས་ཆེན་བཀང་མཛད་ཁྱད་འཕགས་བཞི་ཡི་དོན་གྱི་གྲགས་པས་ནོར་འཛིན་སྒེག་པའི་ཕ་གཞིས་གཏམས་པས་བསྟན་དོན་སྐྱོང་བའི་དབྱིག་གཉེན་དྲན། ། ཕྱོགས་བཅུ་གླང་པོ། གཡོ་མེད་བརྩོན་འགྲུས་ལྷུན་པོ་ལྟར་བརྟན་ལུང་རིགས་དབྱར་རྔའི་གད་རྒྱངས་སྒྲོག་མཛད་ཟུར་ཕུད་ལྔ་བའི་བྱིན་རླབས་མཐུ་ཐོབ་མཁྱེན་རབ་ཕུལ་བྱུང་རིག་པའི་དཔལ། ། མུ་སྟེགས་སྟོན་པའི་གཡུལ་ངོར་ཞུགས་ཏེ་ལོག་རྟོག་ཚང་ཚིང་ནགས་ཀྱི་ལྗོན་པ་དོན་ལྡན་རིག་པའི་མེ་ལྕེས་གཞོབ་པས་སྙིང་སྟོབས་མཚོ་མོ་ལྷམ་མེར་བརྟན། ། དོན་མེད་དཔའ་སྙེམས་ཁོང་དུ་ལངས་པའི་རྒོལ་ངན་དྲེགས་པའི་གཏུམ་དྲག་ཚོགས་ཀྱིས་གང་གི་ཤེས་རབ་ཅི་འདྲི་འདོད་ནས་ལྟར་སྣང་ཚིག་གི་མདའ་འཕངས་ཀྱང་། ། གཟུ་ལུམ་སྨྲ་བའི་ཕ་རོལ་ཟིལ་གནོན་ཞུམ་པ་མི་མངའ་སློབ་དཔོན་ཕྱོགས་གླང་བསྐལ་བརྒྱའི་བར་དུ་གང་གིས་བསྡུར་མིན་ཚད་མའི་བཤེས་གཉེན་བརྗིད་རེ་ཆེ། ། དཔལ་ལྡན་ཆོས་གྲགས། བགྲང་ཡས་གཙུག་ལག་རབ་འབྱམས་རྒྱ་མཚོ་མ་འདྲེས་དྭངས་གསལ་ཆུ་ཤེལ་མདངས་ལྟར་བྱི་དོར་གཙང་མའི་ཀུན་ཕན་མཛེས་འཛུམ་དོགས་བློའི་ཆུ་ཁུར་མཐའ་རུ་བསྐྲད། ། དོན་ལྡན་དཔལ་ཡོན་བརྟུལ་ཕོད་རབ་རྫོགས་སླར་ཡང་རྒོལ་ངན་མུ་སྟེགས་ཚོགས་བཅས་ཐོས་བསམ་གནད་འཁྲུལ་དོན་ལོག་གཏོར་བས་རིག་པའི་ངར་ལ་སུ་ཡིས་འགྲན། ། ཤམ་བྷ་ལ་ཡི་འཇོ་སྒེག་རྣམ་ལྡན་གངས་རིའི་མུ་ཁྱུད་ཕྱི་ནང་མཐའ་དག་བསྙེངས་བྲལ་ཟླ་བའི་ལུང་རིག་འོད་ཀྱིས་ཐང་མར་བརྡལ་བས་མཁས་རྣམས་དགྱེས། ། གཞན་དྲིང་མ་བརླམས་བདེན་པའི་གཏན་ཚིགས་སྲོག་ལྟར་བསྐྱངས་ཤིང་དེའི་རྗེས་འབྲངས་པ་རིག་པའི་སློབ་དཔོན་དཔལ་ལྡན་ཆོས་གྲགས་ཁྱེད་ནི་འཛམ་གླིང་མཛེས་པའི་རྒྱན། ། ཞེས་འགྲོ་མགོན་བཀའ་བརྒྱུད་པའི་གདན་ས་ཆེན་མོ་གྲུབ་དབང་སྒྲུབ་བརྒྱུད་དགོན་ཐུབ་བསྟན་ཆོས་འཕེལ་གླིང་སྟེ། གསང་ཆེན་གྲུབ་པའི་དགའ་ཚལ་ནས་མཁས་དང་གྲུབ་པའི་དབང་ཕྱུག་དོན་གྱི་བསྟན་པའི་མངའ་བདག་དཀོན་མཆོག་ཐུབ་བསྟན་སྐྱེ་སྔ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞབས་རྡུལ་སྤྱི་བོས་ལེན་པའི་གུས་སློབ་འདན་མའི་དཀོན་མཆོག་ཚེ་རིང་ངམ་འདན་ཧུར་པ་ཞེས་པའི་བཙུན་གཟུགས་འཛིན་པ་དེས། རང་ཤག་བཞི་བ་འོད་འཕྲོ་བའི་ཁམས་མཚན་དུ་མཇུག་ལེགས་པར་དྲིལ་བར་བགྱིས་སོ། །སརྦ་མངྒལཾ། |