ཨ་ཡིག་རིག་མཛོད།

མཚོ་བྱུང་མཆོད་པ།  སྙན་རྐང་གླིང་།

88

མཚོ་བྱུང་མཆོད་པ།


སྙན་རྐང་གླིང་།


<དབྱངས་གསལ་སོ་བཞི་ངེས་པའི་བྱ་དཀའ་བ།>

རིན་ཆེན་བཟང་དགུ་གསེར་ཞྭ་མནབས་ཏེ་གཡུ་ཡི་རྣ་རྒྱན་མཛེས་པར་བཏགས་ཤིང་སོར་མོའི་དབར་ནས་སྙན་པའི་པི་ཝང་དལ་བུར་དཀྲོལ་བའི་དབྱངས་ཀྱི་སྲས་མོ་རི་དྭགས་མིག།

མཆུ་སྒྲོས་བིམ་པའི་རྒྱ་སྐྱེགས་ཁུ་བའི་ལན་བརྒྱར་བྱུགས་འདྲའི་དམར་བའི་མདངས་ལྡན་ཟླུམ་རྒྱས་ནུ་འབུར་བྲང་ཁོག་འགྱིང་བས་འདྲེན་བྱེད་ཚལ་དུ་ཡང་ཡང་སྡུག་པའི་མཛའ་ན་མོ།།

ངག་རིག་གཏེར་གྱི་ཛ་ཧུའི་བུ་མོ་བདེ་ལེགས་དབྱངས་ཀྱི་ཟེགས་མ་རབ་འཐོར་ཚོར་བ་འབུམ་ཕྱུག་ཤ་རུས་སྦྲིད་བྱེད་དབྱངས་ཀྱི་ཨ་མས་སྙན་པའི་གདངས་དབྱངས་ལན་མང་གྱེར།།

ཛཱནྟུ་ཕ་ལའི་བཞད་པའི་ཉམས་ལྡན་ཟུང་འཇུག་སྐུ་བཞི་མཉེན་པའི་ལྕུག་ཕྲན་ཟློས་གར་སྒྱུ་རྩལ་སྟངས་སྟབས་སྣ་ཚོགས་མཛེས་པར་གཡོ་བའི་བྱིན་རླབས་མཆོག་བསྩོལ་མཚོ་བྱུང་མ།།


<དབྱངས་ཨ་ངེས་པའི་བྱ་དཀའ་བ།>

མཐའ་ཡས་དཔག་དཀའ་ལྷ་ལམ་གནས་མཁན་དཀར་ལ་དམར་བ་མདངས་དང་ལྡན་ཅན་གདངས་དབྱངས་སྙན་པ་ལག་ལ་འཆང་ནས་སྦྲང་ཆར་ཕབ་མཛད་གང་ལས་འཕགས་པ་དབྱངས་ཅན་མ།།

ཚར་དང་དངར་ལ་སྒྲ་དབྱངས་དཔལ་རྩལ་ངག་ལ་དབང་ལྡན་ཟབ་གསལ་དཀའ་གནད་ཐང་མར་བཀྲམ་པ་རྒྱལ་དང་རྒྱལ་སྲས་སྙན་ཆས་སྤྲས་པ་རྣ་བར་སྙན་པ་གང་མང་བསྟར།།

གང་ཟག་མཁས་པ་ཡང་དག་ཐར་ལམ་བཙལ་མཛད་ཟབ་ཡངས་མན་ངག་སྦྲང་ཆར་གནང་བ་སྐབས་དང་བསྐལ་ལ་སྨག་ལས་བསྒྲལ་མཁན་དབྱངས་ལྡན་སྙན་པ་ལྗགས་ལས་གང་མང་སྨྲ།།

གཡའ་བྲལ་དག་པ་དབྱངས་ཅན་ཤ་འཇམ་དྭངས་གཙང་དཔལ་ལྡན་ཞལ་རས་མདངས་ཡག་འདབ་བརྒྱ་ལས་བཟང་ངག་ལ་དབྱངས་ལྡན་རྣ་བར་སྙན་པས་རྣམ་དཀར་གཙང་མས་ཕྱག་འཚལ་འབད།།


<སྒྲ་རྒྱན་ངག་རིག་སྙེ་མ།>

དཀ༷ར་དཀ༵ར་ཚེམས་ཕྲེང་བཞད་པའི་དཔལ་ལྡན་ཡིད་འོང་ཅན་གྱི་བཞིན་རས་པདྨོ་འཛུམ་པའི་རླབས་ཕྲེང་རབ་ཏུ་སྒེག་པའི་མཛངས་མའི་མདངས་བཟང་དཔལ་དུ་འཁུར་བས་རྨ༵ད་ཀྱང་རྨ༵ད།།

མཛེ༵ས་མཛེ༵ས་ཞལ་རས་མིག་ཏུ་སྡུག་ཅིང་འདབ་སྟོང་མཎྜལ་བཞད་པའི་ཉམས་ལ་རབ་ཏུ་མཚུངས་ཤིང་རྒྱུད་མངས་ཟབ་གསལ་རྣ་བར་འཇེབས་པའི་ངག་རིག་མེ་ཏོག་གྲོ༵ལ་ཡང་གྲོ༵ལ།།

བརྗི༵ད་བརྗི༵ད་ཉམས་ལྡན་རིན་ཆེན་བཻཌཱུར་ཐང་ལ་འཁྱིལ་འདྲའི་རྔམ་བརྗིད་ཟུང་གི་ཆ་ཤས་ཡོངས་འདུས་སྔོ་བསངས་དཀྱིལ་དུ་ཆུ་འཛིན་ལང་ལོང་འཁྲིགས་པའི་ཀློང་ན་འགྱི༵ང་ཡང་འགྱི༵ང་།།

སྙ༵ན་སྙ༵ན་མགྲིན་པའི་པད་ཚལ་ཀློང་ཡངས་གདོང་བཞི་གདུང་གི་སྒྲ་དབྱངས་རླབས་རིས་ཟོལ་གྱིས་འཐིམས་པས་སྙན་པའི་འོ་མཚོ་རིག་བྱེད་གཏེར་གྱི་འཕྱང་འཕྲུལ་མཛེས་པ་ཐོ༵གས་ཀྱང་ཐོ༵གས།།


བཟ༵ང་བཟ༵ང་དཔལ་ལྡན་ཚོགས་གཉིས་གཏེར་གྱི་འོ་མའི་རླབས་རིས་འཕྱུར་བའི་ཉམས་ཀྱིས་རབ་ཏུ་མཛེས་པས་སྣང་སྟོང་གཡོ་བའི་དགེ་ལེགས་རོལ་ཆའི་ཕྱག་ཏུ་འཛིན་པ་བརྗི༵ད་ཀྱང་བརྗི༵ད།།

མཐོ༵་མཐོ༵་སྔོ་བསངས་མཛེས་པར་རྒྱན་པའི་ངག་དབང་ལྷ་མོས་ཚོགས་དྲུག་ཚོར་བ་རབ་ཏུ་གཡོ་བའི་དྲི་ཟའི་སྙན་དབྱངས་སོར་བཅུའི་དབར་ནས་སྙན་པའི་སྦྲང་ཆར་འཇོ༵་ཡང་འཇོ༵།།

ཟ༵བ་ཟ༵བ་དཔག་དཀའི་བྱིན་རླབས་ཆར་རྒྱུན་མཁའ་ནས་ཕབ་མཛད་སྲིད་གསུམ་བདེ་བའི་ཞིང་ལ་ལེགས་བཀོད་རྐང་གཉིས་རྒྱལ་ཚབ་རྒྱལ་བ་གཅིག་བསྡུས་རིག་བྱེད་མཚོ་མོ་བསྐྱོ༵མ་ཡང་བསྐྱོམས།།

དྭ༵ངས་དྭ༵ངས་ཞལ་རས་འཛུམ་པའི་ཚེམས་ཕྲེང་འདྲེན་བྱེད་རབ་སྡུག་ཚོར་བ་འབུམ་སྟེར་ངག་རིག་དབྱངས་ཀྱི་ཡན་ལག་བརྒྱད་ལྡན་མགྲིན་པའི་ཀློང་ན་དལ་བུར་ལྟེང་ཀ་འཁྱི༵ལ་ཡང་འཁྱི༵ལ།།


མཆོ༵ག་མཆོ༵ག་ཚོར་བའི་གཤོག་འགྱུ་དིལ་དིལ་དྲི་བཞོན་ངར་མའི་མཉམ་དང་བསྡེབས་པའི་ཚོར་རྟོག་སྣང་བ་རབ་དཀར་མཛེས་གཡོ་ཡིད་ཀྱི་སྣང་ཆུང་གྲངས་མང་རེག་པས་ཚོ༵ར་ཡང་ཚོ༵ར།།

ལེ༵གས་ལེ༵གས་ལྡེམ་པའི་འཁྲི་ཤིང་ལྗོན་བཟང་འགུལ་བའི་ཉམས་དང་རབ་ཏུ་མཚུངས་པའི་ཟློས་གར་མཛེས་པ་ཅི་ཅིར་གཡོ་མཁས་རྒྱལ་བའི་ལྷ་མོ་འགྲོ་བའི་མིག་ལ་མཛེ༵ས་ཀྱང་མཛེ༵ས།།

ག༵སལ་གས༵ལ་ཉི་གཞོན་འཛུམ་པའི་མདངས་ལས་རབ་ཏུ་འཕགས་པའི་རིག་བྱེད་ངག་གིས་མ་རིག་རྨོངས་པའི་འཆིང་ལས་སྒྲོལ་མཁས་ཡང་དག་བཅུན་པའི་ལམ་སྣེ་འདྲེན་པར་མཁྱེ༵ན་ཡང་མཁྱེ༵ན།།

དཔ༵ག་དཔ༵ག་ཟབ་བརླིང་ཤེས་བྱའི་གནས་ཀུན་མཁྱེན་པའི་བློ་མིག་འོད་སྟོང་རབ་འཕྲོ་ཟུང་འཇུག་སྐུ་བཞིར་དམ་ཆོས་དྲི་ཡིས་ཕྱོགས་ཀུན་འཐུལ་བས་དགེ་ལེགས་ཟེགས་མ་འཐོ༵ར་ཡང་འཐོ༵ར།།


མ༵་བཅོས་བཞིན་བཟང་མཛའ་བའི་མདངས་ལྡན་ངག་རིག་མཚོ་ཆེན་ཡར་ངོའི་ཟླ་ལྟར་རྒྱས་པའི་དཔལ་ཡོན་བཞད་པའི་ཉམས་སྒེག་ངག་རིག་སྟོང་ཚོ་སྒྲ་བརྒྱ་རབ་ཐོས་མཚོ་བྱུང་མ༵།།

མ༵་དག་ཐར་བའི་ལམ་མཆོག་འདྲེན་མཛད་རྒྱལ་བ་སྲས་ཅན་སྙན་པ་རབ་སྤྲས་རྡུལ་འཚུབ་ཕྲ་རགས་གཡའ་ཡིས་མ་འགོས་དྭངས་གཙང་མར་གད་ཞུན་མ་འགྱིང་ལྟར་མཁའ་ན་བརྗི༵ད།།

བརྗི༵ད་པའི་ཉམས་བཟང་སྟངས་སྟབས་འགྱུ་བས་རྣམ་རྟོག་ཕུང་པོའི་དུག་གསུམ་སངས་པ་དམ་ཆོས་གཏེར་གྱི་གང་གཱའི་རླབས་རིས་མཁའ་ལ་འཕྱོ་བ་མ་རིག་མཚོ་ལས་དལ་གྱིས་འདྲེ༵ན།།

འདྲེ༵ན་པའི་ཚོར་ཀློང་སྣང་བ་དཀར་དམར་ཟློས་གར་མཛེས་གཡོ་རྐང་གཉིས་བདེ་བགྲོད་ངག་དབང་ལྷ་མཆོག་ཤེས་བྱའི་སྟེགས་བུས་མཁའ་ལ་རབ་རྩེན་མཁྱེན་རབ་མིག་གི་ཟླ་ཤེལ་འཛིན།།


རིག་བྱེད་ཟླ་གཞོན་མཁའ་ནས་འཛུམ་པའི་རླབས་རིས་ཟེགས་མ་སྡེ་བཞིར་ཡོངས་ཁྱབ་ངག་རིག་བྱེ་བས་སྒོ་འཕང་འབྱེད་དེ་ཤེས་རབ་འཕྲུལ་གྱིས་ཉོན་མོངས་གཏོར་མཛད་ཚངས་པའི་དབྱ༵ངས།།

དབྱ༵ངས་ཀྱི་འགྱུར་ཁུགས་སྙན་པའི་དཔལ་ལྡན་བདེ་ལེགས་དབྱངས་ཀྱི་གཤོག་འགྱུ་རེ་རེ་ངག་གི་རྒྱལ་མོ་མགྲིན་པའི་ཀློང་ནས་སྙན་པའི་གསུང་མགུར་འགྲོ་བའི་དོན་དུ་ཕབ་པར་མཛ༵ད།།

མཛ༵ད་འཕྲིན་གསེར་གྱི་འདབ་སྟོང་རབ་བཞད་རླབས་ལ་མཐོ་བའི་གངས་དཀར་སྤོ་ལ་བ་དན་བསྒྲིངས་བ་མཛད་བཟང་པདྨོ་གངས་དཀར་འདབས་སུ་མཚར་སྡུག་གཟི་བྱིན་མཁའ་རུ་མཆེ༵ད།།

མཆེ༵ད་པའི་མཐོ་རླབས་ཟླུམ་གཟུགས་གོ་ལའི་ཁྱོན་ལ་ཡོངས་འགེབས་སྙན་པའི་དབྱངས་ཀྱི་མཚན་སྙན་གྲགས་པ་སྲིད་པའི་ཞིང་ཁམས་སྙན་པའི་གདངས་ཀྱི་རོལ་དབྱངས་གཞིས་ཁྱིམ་གསོས་སུ་སྨིན།།


03.png


分享到: