ཨ་ཡིག་རིག་མཛོད།

བཙན་པོའི་རླུང་འཚུབ་ཁྲོད་དུ་གནས་པའི་སྣང་ས་འོད་འབུམ།   བསྟན་འཛིན་ཚུལ་ཁྲིམས།

88



བཙན་པོའི་རླུང་འཚུབ་ཁྲོད་དུ་གནས་པའི་སྣང་ས་འོད་འབུམ།



རྩོམ་པ་པོ།     བསྟན་འཛིན་ཚུལ་ཁྲིམས།



སྣ༵ང་ཡུལ་གཡུ་ལོ་བཀོད་པའི་ས༵་གཞིར་སངས་རྒྱས་ཡོངས་འདུས་འཕྲིན་ལས་མ།།

ཐུགས་ཀའི་ཏཱམ་ཡིག་འོ༵ད་ཀྱི་ཕུང་པོ་ཡུམ་མཆོག་སྐུ་ལ་ཐིམ་པར་རྨིས།།

བློ་ལས་འགོངས་པའི་རྟགས་མཚན་འབུ༵མ་ལས་མཁའ་འགྲོ་འདུ་བའི་དུས་ལ་བལྟམས།།

མི་གཙང་འདམ་གྱིས་གོས་པ་མ་གྱུར་ཆུ་སྐྱེས་བཞིན་རས་ཡང་དག་མཚུངས།།



ཞལ་སྒོ་སྟོན་ཟླའི་དཔལ་ལས་ལྷག་ཅིང་སྤྱན་ཟུང་མཐོན་མཐིང་མིག་ཡངས་མ།།

མ་བཅོས་མཆུ་སྒྲོས་བིམ་པའི་མདངས་རྒྱས་ཐག་བཟང་ཚེམས་ཕྲེང་རབ་ཏུ་དཀར།།

ཟླུམ་རྒྱས་ལང་ཚོའི་མཚན་མ་འབུར་ཞིང་སྐུ་གཟུགས་སྨྱུག་མའི་འཁྲི་ཤིང་གཡོ།།

ལྷན་སྐྱེས་མཚར་སྡུག་རྫོགས་པའི་སྣང་སར་ངག་དབང་ལྷ་མོས་མཚོན་ནུས་མིན།།



ཕྱག་སོར་པད་རྩ་རིང་ལ་མཛེས་པ་ཟོལ་བྲལ་སྨིན་མ་གནག་སྣུམ་ཁྱུག།

བུང་བའི་མདངས་ལྟར་ནག་ཅིང་མཉམ་པའི་ཐོར་ཚུགས་རལ་པ་དལ་གྱིས་སྐྱོད།།

བྱམས་བརྩེའི་ཟུར་མིག་མི་ཕོའི་དོ་རར་ཞལ་འཛུམ་ལྷན་ཅིག་འཕེན་མཁས་མ།།

ངང་བའི་སྟབས་སུ་གཤེགས་པའི་སྣང་སར་འགྲན་པའི་ཟླ་བོ་འཕྱང་མོ་ཉུག།



སྲབ་འཇམ་དར་གོས་ལེགས་པར་བཀླུབས་ལ་མ་བཅོས་དྲི་ཞིམ་ཕྱོགས་བཅུར་འཐུལ།།

རིན་ཆེན་སྣ་ལྔའི་རྒྱན་ཆ་སྤུད་ལ་མི་ཡི་ཡུལ་ལ་ལྷ་མོའི་བྱད།།

སྙན་འཇམ་གསུང་དབྱངས་ཀ་ལ་པིང་ཀ་ཕུལ་བྱུང་དབྱངས་བདུན་དཔལ་ཡོན་རྫོགས།།

ཕུན་ཚོགས་ཡོན་ཏན་ཆེས་ཆེར་གྲགས་པས་གླིང་བཞིར་ཤོང་བ་ངོ་མཚར་ཆེ།།



དྲང་གཏམ་གསན་པའི་སྤོབས་པ་སྟོང་བའི་འཇིགས་རུང་གཅན་གཟན་ཚུལ་འཆང་བའི།།

རི་ནང་སྒྲ་ཆེན་རྒྱལ་སྲས་ཚོགས་ལ་བདེན་གཏམ་དབྱར་སྐྱེས་རྔ་ཆེན་བརྡུངས།།

ཕྲག་དོག་མེ་ལྕེ་ཁོག་ཏུ་འཕྱུར་བའི་ཨ་ནེ་སྙིད་མོའི་རང་གཤིས་ལ།།

བཟོད་པའི་ཆུ་འཛིན་མཐུག་པོར་གྱོན་ཅིང་སྙིང་རྗེའི་གྲུ་ཆར་འཛད་མེད་ཕབ།།



དབང་ཆེན་བཙན་པོའི་བཀའ་ལ་ཕར་རྒོལ་ཤེས་རབ་འདའ་མོ་འཕེན་མཁས་མ།།

ཉམས་ཆུང་འགྲོ་བའི་བཀྲེས་སྐོམ་བསལ་བར་ཞལ་ཟས་རོ་བརྒྱའི་གཏེར་སྒོ་ཕྱེ།།

འཁོར་བའི་རང་མཚང་ལེགས་པར་གཟིགས་ནས་ངེས་འབྱུང་བདུད་བརྩི་རྫོགས་མེད་མྱངས།།

བདུད་བཞིའི་ལྕགས་སྒྲོག་དུམ་བུར་བཅད་ནས་ཨ་སྔོན་དབྱིངས་སུ་ཁྱུང་ལྟར་འགྱིང་།།


ཞེས་པ་འདི་ནི་བོད་རྒྱལ་ལོ་/༢༡༥༠   /རབ་བྱུང་བཅུ་བདུན་པའི་རབ་གནས་ཆུ་ཡོས་ལོའི་བོད་ཟླ་/༡༢/༢༦/རེས་གཟའ་ཕུར་བུ་ཉིན་བཙུན་མོ་སྣང་ས་འོད་འབུམ་གྱི་བླ་གཟའ་དང་བསྟུན་ནས་རྣམ་ཐར་ཆ་ཚང་ཞིག་བཀླགས་པ་དང་སྦྲགས་ཡིད་བརྙན་འབུམ་གྱིས་ཕྱུག་པའི་འཆར་ཡན་རྣམས་རྗོད་བྱེད་ཚིག་རྒྱན་རིག་པའི་གཏེར་སྒོ་རབ་ཏུ་ཕྱེས་ནས་བརྗོད་བྱ་སྡེ་བཞིའི་སྲོག་གི་ཀ་བ་རབ་ཏུ་བརྟན་པའི་ངང་།   དཀར་འཇམ་ཤོག་བུའི་སྟེང་དུ་སྲོལ་རྒྱུན་སྙན་རྩོམ་གྱི་ཉམས་འགྱུར་སོར་རྩེའི་སྒྱུ་རྩལ་ཀུན་ཏུ་རྫོགས་པར་ཚིགས་སུ་བཅད་པའི་སྐུ་ལུས་ཀྱི་གསོན་ཤུགས་དར་ཞིང་རྒྱས་ལ་ཚོར་བའི་བཟི་ཁ་བླ་ལྷག་འཕེལ་བའི་ངང་ཤར་མར་སྤེལ།


03.png

分享到: