ཨ་ཡིག་རིག་མཛོད།

སྒྲ་དབྱངས་ལྷ་མོ་མཆོད་པའི་ཚིག་གི་ཡོན་ཆབ་ཚངས་ཆེན་དགྱེས་པའི་གླུ།  ཆབ་མདོ། (མ་གྲུབ་པ།)

94


རྩོམ་པ་པོ་ངོ་སྤྲོད།


(མ་གྲུབ་པའམ)་བློ་བཟང་ས་ཆེན་ནི་དུས་རབས་ཉེར་གཅིག་ལོ་རབས་དགུ་བཅུ་པའི་དུས་སུ་བོད་ལྗོངས་ཆབ་མདོ་འབྲོག་ཁྱིམ་དཀྱུས་མ་ཞིག་ལ་༢༠༠༡ལོར་སྐྱེས་ཤིང་།    ཆུང་དུས་ནས་འབྲི་ཀློག་ལ་གོམས་པ་བྱས།    རིམ་བཞིན་ནར་སོན་པའི་ལོ་ཟླ་དང་བསྟུན་ནས་སྐྱོ་ཤེས་ཀྱི་ཚོར་འདུ་སྐྱེན་པོ་དག་གཅེས་པར་འཛིན་ནས་མཐའ་མི་མངོན་པའི་ཤེས་བྱའི་ཐང་ཆེན་མོ་ལ་གོམ་པ་སྤོས་པ་མ་ཟད།    ལྷག་པར་དུ་གཞུང་ཆེན་བཀའ་པོད་ལྔའི་མཐོང་སྣེ་འཇུས་ནས་ལོ་འཁོར་བདུན་ཙམ་འདས།     སྐྱོ་གར་གྱི་ཀློང་ནས་རང་ཉིད་ཀྱི་མི་ཚེ་ལ་མངར་སྐྱུར་ལྡན་པའི་ན་གཞོན་ཞིག་བཟོ་རྒྱུའི་འདུ་ཤེས་དང་།    བདེན་སྐྱོང་གི་ཆེད་གཟའ་འཁོར་གཅིག་ཙམ་ལའང་ཉམ་མ་མྱོང་བའི་ནང་སེམས་ཀྱི་དགའ་སྐྱོ་དག་ཕྱིར་རོལ་དུ་འཕོ་བའི་ཆེད།    ཞོར་དུ་སྙན་ངག་གི་ཁོངས་སུ་གཏོགས་ཀྱང་ཆོག་ལ།    མ་གཏོགས་ཀྱང་རུང་བའི་རྩོམ་ཐར་ཐོར་བྲིས་ཏེ།    (ཁམས་པའི་ཚགས་པར་སོགས་དུས་དེབ་དང་ཚགས་པར་དག་ཏུ་བརྩམས་ཆོས་འགའ་བཀོད་པ་མ་ཟད།     འགྲན་བསྡུར་ཆེ་ཆུང་གང་མང་ཞིག་ནས་གཟེངས་རྟགས་མི་ཉུང་བ་ཐོབ་མྱོང་།)



སྒྲ་དབྱངས་ལྷ་མོ་མཆོད་པའི་ཚིག་གི་ཡོན་ཆབ་ཚངས་ཆེན་དགྱེས་པའི་གླུ་སྲིད་ཞིའི་དབྱངས་ཀྱི་བསྡུས་གཟུགས།




                      ཆབ་མདོ།    (མ་གྲུབ་པ།)



བརྟན་གཡོའི་ཁམས་ཀྱི་གསང་གསུམ་མཛེས་སྡུག་གཅིག་ཏུ་སྤུངས་འདྲའི་གང་སྐུའི་མཚན་དཔེ་ཉི་ཟླ་འབུམ་གྱི་མདངས་ལས་བརྗིད་ཅིང་དབྱངས་ཀྱི་སྲས་མོ་རི་དྭགས་མིག་ཅན་ཕྱག་ན་པིར་ཝང་འཛིན་པ་མོ།།

ཆུ་ཡི་འོད་ཟེར་ཆེམ་ཆེམ་གཡོ་བའི་དར་འཇམ་གོས་ཀྱིས་རབ་ཏུ་རྒྱན་པའི་དུང་གི་མཆོད་སྡོང་གཟུགས་སྐུའི་དཔལ་དུ་སྣ་ཚོགས་རིན་ཆེན་དོ་ཤལ་འཕྱང་བ་སིལ་སིལ་འཁྲོལ་བའི་གཡེར་སྒྲ་ལས།།

སྙན་པའི་མཐར་ཐུག་དྲི་ཟའི་གླུ་ཡང་ཟིལ་གྱིས་གནོན་པའི་སྭ་ར་སྭ་སྟིའི་ཟག་མེད་དབྱངས་ཀྱི་སྦྲང་ཆར་འཇོ་བས་ཐོས་ལྡན་ལྷ་མི་སྟོང་ཕྲག་ཚོགས་ལ་ངག་རིག་བྱིན་རླབས་སྩོལ་མཛད་མ།།

བསྟོད་པའི་ཚིག་གི་ཡོན་ཆབ་དྭངས་མ་བཟང་དགུའི་ཡོན་ཏན་རབ་ཏུ་རྫོགས་པའི་ཚངས་སྲས་ལྷ་མོའི་སྐུ་གསུང་ཐུགས་ལ་ཐ་སྙད་དུ་མའི་ཉིང་ཁུར་བསྡེབས་ནས་དབྱངས་གསལ་ཡིག་གེའི་གཟུགས་སུ་བསྟར།།



ཆུ་སྐྱེས་པདྨའི་འདབ་བརྒྱ་རང་གྲོལ་རབ་མཛེས་ཞལ་རས་ལྟ་ན་སྡུག་ཅིང་དཔེ་བྱད་འདབ་མ་སྟོང་གིས་སྒེག་པའི་བཅུ་དྲུག་གཞོན་ནུའི་མཁོ་ལག་རྫོཊ་པའི་མཐོང་གྲོལ་མཚན་དཔེའི་ལང་ཚོ་ཅན།།

ངང་དཀར་མཚོ་ལ་འཇུག་པ་ལྟར་དུ་དཀར་གཙང་འོ་མ་ལན་བརྒྱར་མཆོད་འདྲའི་མདངས་ལྡན་བཞིན་ལེགས་པད་དཀར་ཚལ་དུ་ཁྲ་བོ་གཟི་ཡི་གྲུང་ཤ་འཁྱིལ་བའི་སྤྱན་ཟུང་བུང་བ་གར་ལ་རྩེན།།

རྒྱ་སྐྱེགས་ཁུ་བ་ལན་བརྒྱར་བྱུག་འདྲའི་བྱུ་དམར་བིམ་པའི་སྒྲོས་ཆ་དོད་པའི་དམར་ཆུང་མཆུ་ནི་གདངས་བའི་ཆར་ལས་ལྷུན་སྟུག་མན་ཤེལ་བསྟར་ལ་བརྒྱུས་འདྲའི་འཚེམ་དཀར་མུ་ཏིག་ཟེར་བརྒྱ་འཛུམ།།

གསུང་དབྱངས་དྲུག་ཅུའི་ཡན་ལག་རེ་རེ་རབ་དམར་ལྗགས་ཀྱི་རྩལ་ལ་བརྒྱུས་ན་ངག་རིག་གཏེར་གྱི་མཛོད་ཆེན་གྲོལ་བས་འཁོར་འདས་རྟོག་འགྱུར་དལ་གྱིས་ལེན་པའི་ཚངས་ཆེན་སྲས་མོ་གུས་པས་མཆོད།།



བཟང་དགུའི་རིན་ཆེན་ཅོད་པན་མནབས་པས་རྔམ་བརྗིད་ཟུང་གི་ཆ་ཤས་རྫོཊ།།

རྣམ་གཉིས་སྙན་དབང་འདབ་དཀར་སྣེ་རུ་གསེར་གྱི་རྣ་ཆ་མངོན་པར་འཛུམ།།

གང་ཉིད་སྐུ་ཡི་མཆོད་སྡོང་རྒྱབ་ཀྱི་གནག་སྣུམ་སྐྲ་ཡི་ལན་བུ་ཚོགས།།

དྲི་གཞོན་རླུང་གི་དལ་བུར་བསྐྱོད་ན་མཉམ་ཉིད་ལྷ་ཡི་སྤོས་ངེད་འཐུལ།།


སྨྲ་བའི་འབབ་སྟེགས་པད་དཀར་རྫིང་ལས་ངག་རིག་མེ་ཏོག་འཐོར་བ་དང་།།

ཏིང་འཛིན་གླུ་ཡི་སྟོང་ཆེན་སྒྲ་དབྱངས་འདོད་དགུའི་རྣ་བའི་དཔལ་དུ་བསྒྲོན།།

ཚངས་ཆེན་རྒྱུད་མངས་སོར་རྩེས་སྒུལ་ན་སྙན་འཇེབས་སྟོང་གི་ཉིང་བཅུད་རྡོལ།།

གསང་གསུམ་མཛེས་སྡུག་ཆ་ཀུན་རྫོཊ་པའི་ངག་དབང་དབྱངས་ཅན་ལྷ་མོ་འདུད།།


རྨད་བྱུང་ཐུགས་བསྐྱེད་ལྷ་ལམ་ངོགས་སུ་འཚེ་མེད་ཞི་བའི་བྱ་དཀར་འཕུར།།   

ལེགས་བྲིས་ཡིད་འཕྲོག་མཚོ་བྱུང་ངང་མོ་བཅུ་དྲུག་ལང་ཚོའི་སྐྱེ་མཆེད་ཅན།།

མཛེས་སྡུག་ཆུ་སྐྱེས་གེ་སར་གདན་དུ་སྟངས་སྟབས་དུ་མས་འགྱིང་པ་ན།།

ཁམས་གསུམ་ལྷ་དང་མིའམ་ཅི་སྟེ་སྐལ་བཟང་མིག་གི་དགའ་སྟོན་ལྷམ།།


ཚོཊ་གཉིས་སྤྲིན་ཕུང་རབ་ཏུ་སྟུག་ཅིང་མཁྱེན་བརྩེ་ཉི་མའི་ཟེར་བརྒྱ་འབར།།

སྐྱེ་འགག་རྡོ་རྗེའི་ཉམས་གླུ་རེ་རེས་འཁོར་འདས་དབྱངས་ལ་འགུག་པ་མོ།།

སྙན་ངག་མཁན་པོའི་མིང་ཚིག་ཀློང་དུ་མཚན་བཟང་གསེར་གྱི་ཉི་མ་འཛུམ།།

ངག་རིག་འཕྲུལ་གྱི་དངོས་གྲུབ་སྩོལ་མཛད་ལྷ་མོ་ཁྱོད་ཉིད་སྐྱབས་སུ་བསྙེན།།


སྐུ༵་གསུམ་ལང་ཚོ་རབ་ཏུ་རྫོགས་ཤིང་པདྨའི་མདངས་ལྟར་རྨད་དུ་བྱུང་བའི་དཀར་འཇམ་ཞལ་ཁྱིམ་དཀྱིལ་འཁོར་རབ་རྫོགས་བརྒྱད་གཉིས་བུ་མོ་ས་བཅུའི་རྐང་སྟེགས་འདོད་དགུར་དབང་སྒྱུར་མཚོ་བྱུང་མ།།

གསུ༵ང་དབྱངས་དྲུག་བཅུ་དཔའ་མངའི་སྒྲ་ལྡན་སྙན་པའི་གྲགས་པ་སྲིད་ན་མཐོ་སྟེ་མགྲིན་པ་དུང་གི་པད་ཚལ་ཀློང་ནས་ངག་རིག་ཟེགས་མའི་རླབས་རིས་འཕྱོ་བས་རིག་བྱེད་དབྱངས་ཀྱི་གྲུ་ཆར་འཇོ།།

ཐུ༵གས་བསྐྱེད་ལྷ་ཡི་ཁང་བཟང་དབུས་སུ་མཁྱེན་རྩེ་ཉི་མའི་ཟེར་བརྒྱ་འབར་ཞིང་ཐབས་ཤེས་ནུས་པའི་རྩལ་ཆེན་རྫོགས་པས་སེམས་ཅན་ཀུན་ལ་མ་ལྟར་བྱམས་པའི་གཞན་ཕན་བློ་ཡི་སྤྲིན་ཕུང་སྟུག།

བདག་སེམས་དད་བརྒྱའི་མཁའ་དབྱིང་འཛུམ་པའི་རིག་བྱེད་གཏེར་གྱི་མཛོད་ཆེན་གྲོལ་བའི་དབྱངས་ཀྱི་ལྷ་མོ་ལེགས་བྲིས་མ་ལ་དབྱངས་གསལ་ཚིག་གི་སྦྱོར་བ་སྒྲིག་སྟེ་དགའ་འབོད་སྟོང་གི་མཆོད་པ་འབུལ།།


03.png


分享到: