ཨ་ཡིག་རིག་མཛོད།

ལྷ་རི་བཀྲ་ཤིས་དགོན་གྱི་ངོ་སྤྲོད་སྙིང་བསྡུས་བཞུགས་སོ།

237

༄༅། །ལྷ་རི་བཀྲ་ཤིས་དགོན་གྱི་ངོ་སྤྲོད་སྙིང་བསྡུས་བཞུགས་སོ།


རི་བོ་དགེ་ལྡན་པའི་རིང་ལུགས་འཛིན་པའི་ཆོས་ཀྱི་སྡེ་ལྷ་རི་བཀྲ་ཤིས་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་ནི། བོད་རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ལོ་སྟེ་སྤྱི་ལོ་(༢༠༠༤)ལོར་རྡོ་རྗེ་འཆང་རྗེ་བཙུན་བླ་མ་བྱ་བྲལ་བ་༧ངག་དབང་ཆོས་དབྱིངས་རང་གྲོལ་གྱིས་ཕྱག་བཏབ། དགོན་འདི་ཚུགས་པ་ནས་མཁན་རབས་དང་བོ་མཁན་རྒན་སྤྲུལ་༧བློ་བཟང་དོན་གྲུབ་ཀྱི་ཐུགས་རྗེ་དང་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་ཡོངས་སུ་མ་ཉམས་པར་དུས་ད་ལྟའི་བར་དུ་གནས་ཡོད་ལ། དེ་ཡང་གྲྭ་ས་སེར་འབྲས་དགེ་གསུམ་གྱི་ཕྱག་སྲོལ་ལྟར་གསང་ཆེན་རྒྱུད་སྡེ་བཞི་དང་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་གནང་ཞིང་། གྲྭ་ཚང་ཁག་ལྔ་རུ་བགོས་ནས་ཡོད།

གྲྭ་ཚང་ཁག་གི་ད་ལྟའི་གནས་ཚུལ་གནད་བསྡུས་ཙམ་ཞིག་གླེང་ན།

༡ རིག་གནས་གྲྭ་ཚང་ནི་གྲྭ་ཚང་གཞན་དང་དགོན་འདིའི་རྨང་གཞི་ལྟ་བུ་ཡིན་ལ། གཙོ་བོ་བདེ་གསང་འཇིགས་གསུམ་གྱི་ཆོ་ག་དང་ཕྱག་ལེན་སོགས་ཆོས་སྤྱོད་ཀྱི་རིམ་པ་གང་ཡོད་དང་། གཏོར་མ་བཅའ་བཟོའི་སྐོར། དབུ་ཅན་དབུ་མེད་ཀྱི་བྲིས་གཟུགས་དང་། སྤྱི་སྐད་ཀྱི་སློབ་ཚན། སུམ་རྟགས་དག་གསུམ། སྙན་ངག ལོ་རྒྱུས། རྩིས་དཀར་ནག སྒྲ་རིག་པ། ཚད་མ་རིག་པའི་རྨང་གཞི་དང་། ལུགས་གཉིས་ཀུན་སྤྱོད་ཀྱི་སློབ་ཁྲིད་སོགས་སྔོན་འགྲོའི་བསླབ་གཞི་ཀུན་ལ་བརྩོན་པ་ལྷོད་མེད་གནང་བཞིན་ཡོད།

༢ སྨན་པ་གྲྭ་ཚང་ནི། གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་གང་ལ་བྱང་ཆུབ་པར་བྱས་ཏེ་ཉམ་ཐག་པའི་ནད་པ་ཀུན་ལ་སྨན་སྦྱིན་བྱེད་བཞིན་ཡོད་ལ། དུས་མཆོད་དམིགས་གསལ་བ་འགའ་ཞིག་དུས་ཚེས་བཟང་བོ་དང་བསྟུན་ཏེ་ཚོགས་བཞིན་ཡོད།

༣ ལྷ་རི་རྩེ་ཡི་རི་ཁྲོད་གྲྭ་ཚང་ནི། དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོའི་སྒོ་ནས་སྒྲུབ་པ་ཉམས་ལེན་མཛད་དེ་སྨྱུང་གནས་རྒྱུན་བཞུགས་གནང་བའི་གྲྭ་བཙུན་རྒན་གཞོན་དག་གིས་སྒོམ་སྒྲུབ་བྱེད་བཞིན་ཡོད། གསུང་བྱ་ཐུགས་རྗེ་ཆེན་པོའི་ཆོ་ག་དང་། རྡོར་སེམས་སྒོམ་བཟླས་དང་འབྲེལ་བའི་ཡིག་བརྒྱ་སོགས་ཡིན།

༤ མཚན་ཉིད་སློབ་གླིང་ནི། གཞུང་ཆེན་བཀའ་པོད་ལྔ་ལ་འཆད་ཉན་བྱེད་བཞིན་ཡོད་ལ། དེ་ཡང་ལོ་མཇུག་གི་རྒྱུགས་འབྲས་ཀྱི་ཨང་རིམ་ལྟར་རིགས་ཆེ་ཆུང་གི་ཚོགས་ལངས་ཡར་གྱི་གྲྭ་སའི་འགྲོ་སྟངས་ལྟར་བྱེད་བཞིན་མཆིས་ལ། མ་ཟད་ལོ་རེར་དགོན་འདིར་ཚོགས་པའི་མགོ་ལོག་འཇང་དགུན་ཆོས་ཀྱི་སྟེང་དུ་སློབ་གཉེར་བ་རྩེ་ཕུད་རྣམས་ཀྱིས་ཐོར་ཆོས་དམ་བཅའ་དང་མཚན་ཕུད་དམ་བཅའ་སོགས་བཞག་ནས་བཤད་སྒྲུབ་ཀྱི་ལས་ལ་བརྩོན་བཞིན་ཡོད།

༥ ཚོགས་ཆེན་གྲྭ་ཚང་ནི། དགོན་འདིའི་རྒྱུན་འདོན་གྱི་ཆོ་ག་ཆོས་སྤྱོད་ཡོངས་རྫོགས་ཆག་མེད་དུ་ཉིན་ལྟར་སྔ་ཕྱི་བྱས་ཏེ་གསུངས་བཞིན་ཡོད་ལ། སྡེ་བ་དམངས་ཀྱི་དགོས་མཁོ་དང་བསྟུན་ཏེ་གཤིན་པོ་ལ་གཙོ་བོ་ཐུགས་རྗེ་ཆེན་པོའི་ཁྲུས་ཆོག   གསོན་པོར་རྐྱེན་སེལ་རིམ་གྲོ་སོགས་བྱེད་བཞིན་ཡོད། ཟླ་རེའི་དགུ་གསུམ་ལ་ཞི་བའི་དྲུག་ཅུ་བ། ཟླ་བ་གང་ཡིན་གྱི་བཅོ་ལྔ་གནམ་གང་ལ་ལྟུང་བཤགས་མཆོད་ཆོག་སོགས་གསུང་བཞིན་ཡོད། ད་ལྟ་དངོས་ཡོད་ཀྱི་སྒྲུབ་མཆོད་སྐོར་ལ་ས་ཆོག་ཐིགས་རྡུལ་ཚོན་ཀླུ་ཆོག་དང་བཅས་པར་མགོ་མཇུག་གྲངས་ཚང་བ་ཞིག་བྱེད་བཞིན་ལགས་ན། དགོན་འདི་ཡི་ཚོགས་སྒོ་དུས་མཆོད་སོགས་མདོར་བསྡུས་ནས་དེ་ཙམ་ཞིག་ལས་མི་སྤྲོའོ། །

ད་ལྟའི་ཆར་དགོན་འདིའི་འཛིན་སྐྱོང་སྒྲིག་གཞི་དང་སློབ་གཉེར་ལམ་ལུགས་སོགས་ལྟོས་བཅས་ཀྱི་སྤུས་ཚད་ལྡན་ཞིང་གྲལ་མ་ཞིག་ཅིང་ཟུར་མ་ཉམས་པ་འདི་ཉིད་སྐྱབས་རྗེ་བྱ་བྲལ་བ་ངག་དབང་ཆོས་དབྱིངས་རང་གྲོལ་མཆོག་གི་ཐུགས་རྗེ་དང་བྱིན་རླབས་ལས་འཁྲུངས་ཤིང་ཁོང་གི་སྐུ་ཚ་མཆོག་སྤྲུལ་རིན་པོ་ཆེ་༧བློ་བཟང་འཇིགས་མེད་བཀྲ་ཤིས་ཀྱི་གཙོ་བོར་གྱུར་བའི་དགོན་འདིའི་ལས་ཀྱི་སྣེ་མོ་བ་ཡོངས་དང་ཕྱོགས་གཞན་ནས་ཕེབས་པའི་དབང་ལུང་ཁྲིད་གསུམ་སོགས་གནང་བའི་སྐྱེས་ཆེན་རྣམས་དང་། མ་དགོན་ཤར་ཝོད་དགོན་གྱི་བླ་གྲྭ་ཡོངས་ཀྱིས་དུས་རྟག་པར་སྙིང་རྗེའི་ཕྱག་ཟུང་རིང་དུ་བསྐྱངས་བའི་བཀའ་དྲིན་གྱི་མཐུ་ལས་བྱུང་བ་ཤ་སྟག་གོ ། དེས་ན་དབྱར་ཆུ་དགུན་དུ་འཁྱིལ་བའི་དཔེ་ལྟར་ཐུན་མོང་རིག་གནས་དང་། ལམ་རིམ་དང་སྔགས་ཀྱི་འཆད་ཉན། གཞི་གསུམ་གྱི་ཕྱག་ལེན། ཆོ་ག་ཆོས་སྤྱོད་ཀྱི་རིམ་པ། ཚོགས་སྒོ་དུས་མཆོད་སོགས་གྲྭ་སའི་རྒྱུན་གྱི་འཇུག་པ་ཕྱོགས་འདི་ཀ་ནས་སྐྱོང་བཞིན་པ་དང་བསྐྱང་འགྱུར་ལྟར་ལགས་སོ། །


ཞེས་ཆོས་སྡེ་ཆེན་མོ་སེར་དགོན་གྱི་(༢༠༢༢)ལོའི་དབུ་མ་རབ་འབྱམས་པ་བྱ་བྲལ་བློ་བཟང་དགེ་ལེགས་དུ་འབོད་པ་གང་དེས་རང་ཤག་ནས་ཤར་མར་གཏགས།

03.png


分享到: