ཨ་ཡིག་རིག་མཛོད།

བྱ་བྲལ་བ་༧ངག་དབང་ཆོས་དབྱིངས་རང་གྲོལ་མཆོག་གི་རྣམ་ཐར་མདོར་བསྡུས།

519

རིམ་གཉིས་རྣལ་འབྱོར་གྱི་རྟོགས་པ་ཀློང་དུ་རྡོལ་བའི་ངེས་དོན་གྱི་རྣལ་འབྱོར་བ་ཆེན་པོ་བྱ་བྲལ་བ་༧ངགདབང་ཆོས་དབྱིངས་རང་གྲོལ་མཆོག་གི་རྣམ་ཐར་མདོར་བསྡུས།

ཕྱོགས་བཅུའི་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་རབ་དཀར་ལྷ་ཡི་ཞལ་རས་ཅན།།

མཁྱེན་པའི་དཀྱིལ་འཁོར་ཀུན་ནས་ཡོངས་རྫོགས་དམར་སེར་འོད་ཀྱི་ཕུང་བོ་གང་།།

མཐུ་སྟོབས་ནུས་པའི་ཞལ་ཕྱག་རབ་བརྗིད་དམར་ནག་གཤིན་རྗེ་ཁྲོས་པའི་སྐུ།།

བཀའ་དྲིན་ཟླ་མེད་རྩ་བའི་བླ་མ་རིགས་གསུམ་རྒྱལ་བའི་འདུས་ཞལ་གུས། །


༄༅།   །དེ་ལ་འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུའི་ཡ་གྱལ་དཔལ་ནཱ་རོ་ཏ་པ་སླར་ཡང་གཞན་དོན་དུ་མིའི་རྣམ་པར་རོལ་བ།གསུམ་ལྡན་རྡོ་རྗེ་འཛིན་པ་རྗེ་བླ་མ་ཚུལ་ཁྲིམས་དར་རྒྱལ་དཔལ་བཟང་བོའི་རྣམ་སྤྲུལ།   རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་རྗེ་བྱ་བྲལ་བ་༧ངག་དབང་ཆོས་དབྱིངས་རང་གྲོལ་རིན་པོ་ཆེ་མཆོག་ནི། སྤྱི་ལོ་༡༩༤༥ ལོ་སྟེ་བོད་རབ་བྱུང་༡༦པའི་ཤིང་མོ་བྱ་ཡི་ལོར་མདོ་སྨད་ཟལ་མོ་སྒང་གི་ཆར་གཏོགས་མགོ་ལོག་གི་ཡུལ་གྲུ་ཆེན་པོ་ལས།ཨ་སྐྱོང་གོང་མ་ཚང་གི་སྡེ་བ་རྨ་ཤོག་ཆེན་བདུན་གྱི་ཡ་གྱལ་སྒང་སྐོར་དུ་གྲགས་པར་ཡབ་དོམ་ཚ་བསོ་བ་དང་།ཡུམ་ལྡོང་རིགས་ལྕགས་མོ་བཟའ་ཙེ་ལྡེ་གཉིས་ཀྱི་སྲས་སུ་ངོ་མཚར་བའི་རྟགས་མཚན་མེ་ཏོག་གིས་ཆར་དང་།གཡུ་འབྲུག་སྔོན་མོའི་ངར་སྐད་དང་འགྲོགས་ཏེ་ཐུ་ལམ་རི་རྒྱལ་ཕྱུག་མོའི་མདུན་རོལ་ཏུ་སྐུ་ཡི་མཚལ་དམར་ཐིག་ལེ་ས་རུ་འཐོར་ཞིང་།གཟུགས་སྐུ་མཚན་དཔེ་གསར་བའི་མེ་ཏོག་འཇིག་རྟེན་གྱི་ཁམས་འདིར་ཐོག་མར་བཞད་པས་མུན་པའི་ཡུལ་ལ་སྒྲོན་མེའི་སྣང་བ་བཞིན་བསྐལ་བ་བཟང་བོའི་ཉིན་མོ་ཞིག་ཏུ་གྱུར།སྐུ་འཁྲུངས་སྐབས་ཁོང་གི་མ་ཡུམ་སོགས་ཀྱིས་མེ་ཏོག་གི་ཆར་བབས་ཤིང་འབྲུག་སྒྲ་ལྡིར་བ་སོགས་བཀྲ་ཤིས་དགེ་མཚན་གྱི་རྟགས་མང་དུ་བྱུང་བར་གསུངས་པ་ལ་གཞི་བཅོལ་བའོ།།ཁོང་སྐུ་ན་ཕྲ་བའི་སྐབས་རེབ་གོང་སྔགས་པ་ཀརྨ་རང་གྲོལ་ལམ་བདེ་ཆེན་བདེ་བའི་རྡོ་རྗེས་བརྡ་ལུང་དང་བཅས་ཁྲ་དགེ་སློང་གི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་།སྒང་བ་བླ་མ་བསོད་ནམས་རིག་འཛིན་དང་། ཁོང་གི་ཞང་བོ་ཝ་ཤུལ་བླ་མ་ཀརྨ་རྣམ་རྒྱལ་རྣམ་གཉིས་ཀྱིས་བྱིས་པ་འདི་བསྟན་འགྲོ་ལ་ཕན་ཐོགས་པའི་སྐྱེས་ཆེན་དམ་པ་ཞིག་གི་ཡང་སྲིད་འཁྲུལ་མེད་ཡིན་པར་ངེས་པས་གཙང་སྦྲ་བཟང་བོར་བྱེད་དགོས་པར་གསུངས།དགུང་གྲངས་གསུམ་ལ་ཕེབས་པའི་སྐབས་སུ་ཁོང་གི་མ་ཡུམ་གྱིས་རྩོག་མོ་གཏེར་སྟོན་པདྨ་སྨོན་ལམ་གླིང་པའི་སྐུ་མདུན་དུ་ཁྲིད་སྐབས།རྩོག་མོ་གཏེར་སྟོན་ཁོང་གིས་མདང་ནུབ་མོ་རྨི་ལམ་ཡ་མཚན་པ་ཡག་པོ་ཞིག་རྨིས་བྱུང་བས་ཇ་བཟང་བོ་ཞིག་སྐོལ་དང་མཉམ་དུ་འཐུང་དགོས་གསུངས་ནས།ཐུགས་དགྱེས་བརྩེ་ཆེན་པོས་གསོལ་ཇ་མཉམ་དུ་བཞེས་ཏེ་མཚན་ལ་(ཆོས་དབྱིངས་)ཞེས་གསོལ། ཁོང་ཉིད་སྐུ་བལྟམསས་པ་ནས་ཞང་བོ་བླ་མ་ཀར་རྣམ་དང་།དམེ་བཟའ་ཀར་མོ་གཉིས་ཀྱིས་ཉེ་བར་བསྐྱངས་ཏེ་དགུང་གྲངས་དྲུག་ལ་ཕེབས་སྐབས་ལྕགས་མོ་བླ་མ་བསྟན་འཛིན་གྱི་དྲུང་ནས་ཀློག་བསླབ་པས་འབྲི་ཀློག་ཚེགས་མེད་དུ་མཁྱེན་པར་གྱུར།   ཤར་འོད་མཁན་ཆེན་༧བློ་བཟང་ཤེས་རབ་མདུན་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། ཁོང་དགུང་གྲངས་༡༡ ལ་ཕེབས་སྐབས། སྐྱབས་རྗེ་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་གྱི་སྐུ་མདུན་དུ་ཨབ་སྐོར་ཚོ་བ་སོང་ཏེ་ཁྲ་དགེ་སློང་གི་ཡང་སྤྲུལ་དུ་གྲགས་པའི་བྱིས་པ་གཉིས་ཀྱི་མཚན་ཁྱེར་ཏེ་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱི་ཡང་སྤྲུལ་གང་ཡིན་ཞུས་སྐབས།སྐྱབས་རྗེ་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་མཆོག་གིས་བྱིས་པ་དེ་གཉིས་ཀྱི་ནང་གི་ཁྲ་དགེ་སློང་གི་ཡང་སྤྲུལ་འདི་ཡིན་ཞེས་ངོས་འཛིན་མ་མཛད་པར་མ་འོངས་པ་ན་ཁྲ་དགེ་སློང་གི་སྤྲུལ་སྐུ་ཡིན་ན་རང་ཉིད་ཀྱིས་རང་ཉིད་ངོས་བཟུང་ནས་འདི་རེད་བསམ་རྒྱུ་ཞིག་གསལ་ཡོང་ངེས་ཡིན་གསུངས་པས་དོན་གྱིས་ཨ་ཁུ་ཆོས་དབྱིངས་ཡིན་པར་ལུང་བསྟན་པ་ཡིན་ཞིང་།དེ་ལྟར་ཡིན་པའང་ཀུན་ལ་རླུང་ལྟར་དུ་གྲགས་སོ། །

མདོ་སྔགས་གཉིས་ལ་གསན་བསམ་གནང་བའི་སྐོར།
   དེ་ལ་སློབ་དཔོན་དབྱིག་གཉེན་གྱིས།སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་།།སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་གསུངས་པ་ལྟར་ཁོང་གིས་ཐོག་མར་མདོ་སྔགས་གཉིས་ཀྱིས་བསྡུས་པའི་གསུང་རབ་ལ་ཐོས་བསམ་འཆད་ཉན་བྱས་ཏེ་ལུང་གི་བསྟན་པ་ཇི་ལྟར་འཛིན་སྤེལ་བྱས་པའི་ཚུལ་ནི།   ཁྱབ་བདག་འཁོར་ལོའི་མགོན་པོ་བླ་མ་རྡོ་རྗེ་འཆང་རྫོགས་ཆེན་སྤྲུལ་སྐུ་༧བློ་བཟང་ཐུབ་བསྟན་ཉི་མ་དང་།བླ་མ་བཀའ་དྲིན་ཅན་མཁན་པོ་མུན་སེལ་ཚང་།   ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས།ཁྲ་བླ་མ་རྡོར་བཟང་། རྒྱ་བླ་པདྨ་རྣམ་རྒྱལ། ཁྲ་བླ་མ་རིག་རྡོར།   ནང་ཆེན་གྲུབ་མཆོག་ཚང་།   ནང་ཆེན་རྒྱལ་སྲས་ཀརྨ་འཕྲིན་ལས་ཀུན་ཁྱབ། ཞ་ར་བླ་མ་མཇམ་དབྱངས་བསྟན་དར་དང་།ས་སྐྱའི་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་སོགས་གསར་རྙིང་ཇོ་གསུམ་བཀའ་རྒྱུད་ས་སྐྱ་སོགས་རིས་མེད་ཀི་སྐྱེས་ཆེན་བརྒྱ་ཕྲག་ལས་བརྒལ་བའི་མདུན་ནས་མདོ་སྔགས་གཞུང་ལུགས་ཀིས་བསྡུས་པའི་བཀའ་ཆོས་མང་བོར་གསན་བསམ་མཛད་དོ།།   


བར་དུ་སྒྲུབ་པ་ཉམས་ལེན་མཛད་ཚུལ།   ཁོང་རིན་པོ་ཆེས་རིག་གསར་སྐབས་ནས་བཟུང་ལོ་ངོ་ཉི་ཤུ་རྩ་ལྷག་གི་རིང་ལ་ངག་བཅད་དེ་གནས་ཆེན་རི་བོ་རྩེ་ལྔ།གླང་ཆེན་འགྱིང་རི། ཨ་མྱེ་རྨ་ཆེན་སྤོམ་ར། མཚོ་སྙིང་མ་ཧཱ་དེ་ཝ། གནས་ཆེ་པདྨ་རི་མཐོ། བྲག་དཀར་སྤྲེལ་རྫོང་གཙོས་རྫོང་ཆེན་བཞི།   དབུས་གཙང་གི་གནས་ཆེན་རྣམས་དང་། རྡོ་ཁོག་གི་དཔལ་སྤྲུལ་བཞུགས་གནས་སོགས་དང་།གཞན་ཡང་དུར་ཁྲོད་ནང་། ཆུ་ཆེན་གྱི་འགྲམ་བྲག་ཕུག་གད་ཕུག   རི་བོའི་རྩེ་རྫ་ལུང་བྲག་ལུང་ནགས་ཚལ་ཤིང་དྲུང་དུ་ཕེབས་ནས་སྒྲུབ་པ་ཉམས་ལེན་མཛད་བཞིན་ལྟོ་སྐྱ་གོས་ཧྲུལ་གྱིས་གནས་ངན་ངོན་དང་།ཟས་གོས་ངན་ངོན། མལ་ཆས་ངན་ངོན་ཙམ་གྱིས་ཆོག་ཤེས་པ། སྤོང་བ་དང་སྒོམ་པ་ལ་དགའ་བའི་འཕགས་པའི་རིགས་བཞི་དང་དུ་བླངས།དགུན་གྱི་ཙག་ངར་ལྷག་གསུམ། དབྱར་གྱི་ཆར་ཆུ་རླན་གཤེར་གང་ལའང་མ་འཛེམས་པར་རི་སྒང་སྟེང་ཤོད་ཆུ་འགྲམ་གད་ཕུག་ཏུ་ཉིན་མཚན་ལྟོ་སྦྱར་ཏེ་སྒྲུབ་པ་ཉམས་ལེན་མཛད་བཞིན་ལོ་མང་པོར་བཞུགས་པ་ནི་བྱིས་པའི་བློ་ཡུལ་ལས་འདས་པ་རྗེ་བཙུན་མི་ལ་རས་པའི་མཛད་པའི་རྣམ་ཐར་བསྐྱངས་བ་ནི་དེང་གི་དུས་སུ་ཁོ་བོ་གཅིག་པུ་ཙམ་མོ་ཞེས་སྐད་གསང་མཐོན་པོས་སྨྲ་བར་སྤོབས།༡༩༩༠ ལོར་རྒྱ་གར་ལ་ཕེབས། འཕགས་ཡུལ་གི་གནས་ཆེན་ཐམས་ཅད་དང་། བལ་ཡུལ་གི་གནས་འགང་ཆེན་ཡོངས་ལ་གནས་འབྲེལ་དང་སྒྲུབ་པ་ཉམས་ལེན་མཛད།གོང་ས་བཅུ་བཞི་པ་ཆེན་པོ་ཐམས་ཅད་མཁྱེན་པ་༧ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་མནོས།   དུས་འགྱུར་གྱི་ཉེར་འཚེ་ཇི་ལྟར་རྒོད་ཀྱང་གདོང་གཏད་དེ་གདམས་ངག་མཚང་ཐོག་ཏུ་ཁྱེར།མན་ངག་སྙིང་ལ་བསུས་ཏེ་ཉམས་སུ་བླངས་བས་གྲུབ་པའི་རྟགས་མཚན་ནང་ནས་རྙེད་དེ་ཆུ་ལ་མི་ཐོགས་ཤིང་།མཁའ་ལ་འཕུར་བ་སོགས་གྲུབ་པའི་རྟགས་མཚན་མང་པོ་ཀུན་གྱི་མཐོང་སྣང་དུ་རླུང་ལྟར་གྲགས།   སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སླར་ཡང་དར་བ་ན་ཁོང་རིན་པོ་ཆེས་བསྟན་པ་དང་འགྲོ་བའི་དོན་མཛད་ཚུལ་ནི། སྲིད་པའི་ལྷ་ཆེན་རྨ་རྒྱལ་སྤོམ་ར་ཞེས་གྲགས་སྙན་གླིང་བཞིར་ཁྱབ་པའི་ཉེ་འགྲམ། དགུ་ཁོག་གསེར་གཞུང་རིང་མོ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་གྱ་གྱུར་བགྲོད་ཅིང་མེ་ཏོག་སྣ་ཚོགས་ཀྱི་དྲི་བསུང་ཕྱོགས་བཅུར་འཐུལ་བའི་གནས་མཆོག་དེར་ཆོས་སྡེ་ཆེན་པོ་ལྷ་རི་བཀྲ་ཤིས་དགོན་ཕྱག་བཏབ།མགོ་ལོག་ཨ་སྐྱོང་ཁག་གསུམ་དང་སྦྲ་ནག་ཁག་གསུམ་གྱི་དད་ལྡན་སློབ་ཚོགས་ཁྲི་ཕྲག་མང་བོ་ལ་དབྱར་ལ་སྨྱུང་གནས།དཔྱིད་ལ་རྡོར་སེམས་དང་མི་འཁྲུགས་པ། སྟོན་ལ་སྒྲོལ་མ་འབུམ་ཚོགས། དགུན་དུས་མ་ཎི་ཞག་བརྒྱ་སྐབས་ལ་གདུལ་བྱའི་མོས་པ་དང་བསྟུན་ཏེ་དབང་ལུང་སྣ་ཚོགས་གསུངས་པ་སོགས་གནས་སྐབས་ཐམས་ཅད་དུ་གཞན་དོན་འབའ་ཞིག་གིས་དུས་འདའ་བར་མཛད་དོ།།         
བྱ་བྲལ་རིན་པོ་ཆེའི་སྐུ་ཚེའི་སྨད་ལ་ཕེབས་སྐབས་སུ།ལམ་གྱི་ཐབས་གྲོགས་ལས་ཀྱི་ཕྱག་རྒྱ་གཡུ་ཡི་སྒྲོལ་མ་དང་ཁོང་རིན་པོ་ཆེ་གཉིས་ལ་གདུང་སྲས་གཉིས་དང་།རིགས་ཀྱི་སྲས་མོ་བཞི་འཁྲུངས་བའི་སྲས་ཆེ་བ་གཞན་ཕན་ཆོས་ཀྱི་ཟླ་བ་དང་ཆུང་བ་སྤྲུལ་སྐུ་བློ་བཟང་འཕྲིན་ལས་འོད་ཟེར་གཉིས་དད་གསུམ་ཤར་རིའི་ཕྲག་ཏུ་གཟུགས་སྐུ་ཉི་མ་གཞོན་ནུའི་འཛུམ་ཟེར་བསྟན་འགྲོའི་དཔལ་ཏུ་བཞད།ཁོང་རྣམས་གཉིས་སྐུ་ན་ཆུང་དུས་ནས་གཤིས་རྒྱུད་འཇམ་ཞིང་ཤེས་རབ་ལྡན་པ། གུས་བཀུར་ཆེ་བའི་སྐྱེས་བུ་དམ་པའི་མཚན་རྟགས་མངའ་བ་ཞིག་གོ།།

རིས་མེད་ཀྱི་སྐྱེས་བུ་དག་གིས་བསྔགས་པའི་མེ་ཏོག་འཐོར་བ།
   མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་དགེ་འདུན་འདུས་མང་གི་དབུས་སུ་དེ་རིང་འདིར་ཁྲ་དགེ་སློང་ཚང་གི་ཡང་སྤྲུལ་བྱོན་ཡོད་པས་ཡར་ཕེབས་གསུངས་པ་དང་།བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ་ནི་དབང་བཞི་ཉམས་སྒོམ་རྫོགས་པའི་གྲུབ་ཐོབ་པ་ཆེན་པོ་ཞིག་ཡིན།ཞེས་བསྟོད་བསྔགས་མཛད་པ་དང་།
   རྗེ་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་མཆོག་གིས་དུས་འཁོར་གྱི་རྡོ་རྗེའི་དབང་ལུང་ཐེངས་བཅུ་པའི་སྐབས་སུ།བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ་གྲུབ་པ་བརྙེས་འདུག ཅེས་གསུངས་པ་དང་། ཀུན་གཟིགས་པཎ་ཆེན་བཅུ་པ་ཆེན་པོས་ཀྱང་ཁོང་ལ་འགྲོ་བ་སེམས་ཅན་ཀུན་སྡུག་བསྔལ་ལས་སྒྲོལ་བར་བཅོལ་གདམས་བྱས་པ་དང་།
ཇོ་ནང་མཁན་ཆེན་ཡོན་ཏན་བཟང་བོ་སྐུ་དངོས་ཀྱིས་རིན་པོ་ཆེ་ཁོང་ལ་ཆོས་གོས་གནང་ནས།བྱ་བྲལ་ཆོས་དབྱིངས་རིན་པོ་ཆེ་ནི་དུས་འཁོར་གྱི་རྡོ་རྗེའི་ཆོས་བརྒྱུད་འཛིན་མཁན་རྣལ་མ་ཡིན་པ་བསྟན།
རྗེ་ཤར་གདོང་རིན་པོ་ཆེ་མཆོག་གིས་ཁོང་གི་སློབ་ཚོགས་ལ་རྡོ་རྗེ་རྣལ་འབྱོར་མའི་དབང་ཞུ་ན་བྱ་བྲལ་ཆོས་དབྱིངས་རིན་པོ་ཆེའི་མདུན་ནས་ཞུས་དང་།ཁོང་ནི་རྡོ་རྗེ་རྣལ་འབྱོར་མའི་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་ཆེན་པོ་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།

ལྷ་རི་བློ་བཟང་ངག་དབང་གིས་མཁོ་སྤྲོད་གནང་།

03.png

分享到: