ལམ། མོག་བུ་ཡེ་ཤེས་སྐྱབས།54
༡ ཕ་ལགས། སྐད་ཆ་ཡང་ཡང་བསྐྱར་ནས་ཅི། ངས་ནི་ཐོགས་རྡུགས་མེད་པར་བློ་ལ་སྐྱོར་ཡོང་། མ་ལགས། མིག་ཆུ་ཤམ་ཤམ་གཏོང་དོན་ཅི། ངས་ནི་འཁོར་བའི་བདེ་དགའ་ལམ་བྲོ་བསྒྲིགས་ཟིན། ཐུགས་བདེ། བཞུགས་འཚལ། ༢ ལམ་ནི་སྤྲིན་པ་དུམ་ཚིགས་ཀྱི་སྣེ་ནས། ང་ཡི་རྐང་འོག་ཏུ་ལྷུང་ཡོད་པ་འདྲ་ཡང་། ཐུར་དུ་བསྒྲིལ་བའི་གྲུ་གུ་དང་འདྲ་བར། རྐྱ་བཤིག་ནས་དྲ་མ་ལིང་ཚེ་བཟོས་ཡོང་བ་ཅི། ༣ ལམ་ལ་ཆས་དུས། ལག་ནང་དུ་ཕ་ལགས་ཀྱི་སྐད་ཆ་བཟུང་ཡོད། ལམ་ཚིགས་རེ་རེ་ནས་ལག་འཇུ་བྱས་ཀྱིན་ཡོང་བས། ད་ནི་ང་ལ། ཕ་ལགས་ཀྱི་སྐད་ཆས་ལྡེང་གིན་མི་འདུག ལམ་ལ་ཆས་དུས། མིག་ཟུང་དུ་མ་ལགས་ཀྱི་མིག་ཆུ་བསྡུས་ཡོད། ལམ་ཚིགས་རེ་རེ་ནས་ཕྱི་མིག་གཟད་ཀྱིན་ཡོང་བས། ད་ནི་ང་ལ། མ་ལགས་ཀྱི་མིག་ཆུས་ལྡེང་གིན་མི་འདུག ༤ རི་བོ་དག་ལ་ཡབ་ཆེན་ཞེས་བོས་ནས་ཡོང་། ཕ་ལགས། ང་ཡི་མགོ་འཕང་ཁྱོད་ལྟར་མཐོ་དགོས་དཀའ་ཨང་། གཙང་པོ་དག་ལ་མ་ཡུམ་ཞེས་བོས་ནས་ཡོང་། མ་ལགས། ང་ཡི་སེམས་པ་ཁྱོད་བཞིན་གཙང་དགོས་ཁག་ཨང་། ༥ གྲོགས་པོ། འཁྱགས་དུས་རྒྱབ་བསྙེས་ནས་འདུག་ས་དེ་ག་རེ། གྲོགས་པོ། ལྟོགས་དུས་དྲོ་འཚལ་སའི་གནས་ཚང་དེ་ག་རེ། གྲོགས་པོ། འཇིག་རྟེན་གྱི་ཆེས་ཡིད་འོང་གི། དྭངས་གཙང་གི། རྙེད་དུ་དཀའ་བའི་ལམ་དེ་གང་ན། ༦ ལམ་ནི་ཏག་ཏག ཕ་ལགས་ཀྱི་ཞལ་གསུང་དུ་བསྐུངས་འདུག ལམ་ནི་ཏག་ཏག མ་ལགས་ཀྱི་མིག་ཆུ་རུ་འཁྱིལ་འདུག |