ཨ་ཡིག་རིག་མཛོད།

ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ།

186

༄༅།།ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དོན་ལྡན་ཆོས་ཀྱི་དབྱངས་སྙན་ལ་འཕྲི་སྣོན་ཅུང་ཙམ་བགྱིས་པ་པད་མ་དཀར་བོའི་ཆུན་པོ་ཞེས་བྱ་བ་བཞུགས་སོ།།

བདེ་གཤེགས་རིན་ཆེན་སྙིང་བོའི་དྲུང་ན་རྩིབས་ཀྱི་མུ་ཁྱུད་སྲས་སྟོང་བཅས།།

ཐུགས་བསྐྱེད་གསེར་གྱི་ས་གཞི་རབ་བརྟན་སྙིགས་མའི་འགྲོ་ལ་ལྷག་པར་བརྩེ།།

རྒྱལ་བ་གཞན་ལས་ཐུགས་སྟོབས་མངོན་མཐོ་པད་དཀར་ལྟར་བསྔགས་ཤཱཀྱའི་གཙོ།།

སྲིད་ཞིའི་གདུང་སེལ་གཅིག་པུར་བསྟེན་ནོ་གསང་གསུམ་འཕྲིན་ལས་འོད་ཀྱིས་སྐྱོངས།།

འདུལ་དཀའི་འགྲོ་རྣམས་བྱ་དཀའི་སྤྱོད་པ་ཡིས།།

དཔག་མེད་བསྐལ་བར་གྲངས་མེད་འདྲེན་མཛད་པ།།

གངས་རིའི་ལྷ་སྐལ་གངས་ཀྱི་མདངས་འཛིན་སྐུ།།

ཕྱག་ན་པད་མོར་བསྟོད་ཕྱག་རེ་ཁཱ་བརྩེགས།།

ཆོས་ལ་ཆོས་བཞིན་མཛད་པས་གྲུབ་པ་བསྙེས།།

ཁེ་གྲགས་ཆོས་བརྒྱད་སྤངས་པས་གྲགས་པ་འབར།།

མཁས་བཙུན་བཟང་བོའི་བཀའ་གདམས་རྣམ་ཐར་ཅན།།

སྙིགས་དུས་རྒུད་མུན་སེལ་ཁྱོད་བསྟན་པའི་གསོས།།

ཕྲ་རགས་ཚུལ་ཁྲིམས་གཙང་མའི་རྩ་བ་བརྟན།།

མདོ་རྒྱུད་རིག་གནས་འབུམ་སྡེའི་ཡལ་ག་རྒྱས།།

འཆད་རྩོད་རྩོམ་པའི་འབྲས་བཟང་གཡུར་དུ་ཟ།།

ཕྱོགས་ལས་རྣམ་པར་རྒྱལ་བའི་དཔག་བསམ་ལྗོན།།

ལྷིང་འཇགས་བསམ་གཏན་རི་ཡི་ཁང་བཟང་ན།།

གཟུངས་མཆོག་ཡི་གེ་དྲུག་མའི་སྒོམ་བཟླས་ཀྱིས།།

ངན་སོང་སྐྱེ་སྒོ་གཅོད་པའི་རྣལ་འབྱོར་སྡེ།།

ཤར་འོད་མི་འགྱུར་བདེ་ཆེན་གླིང་ལ་གུས།།

གངས་རིའི་བདེ་སྡུག་འཚོལ་བའི་སློང་མོ་བ།།

རྨ་ཀླུང་སྔོན་མོའི་འགྲམ་ན་བྲེལ་འཚུབ་ཀྱིས།།

ཡུན་ཐུང་མི་ཚེའི་ཟློས་གར་འཁྲབ་པ་ལས།།

སྡེ་འདིའི་བྱུང་བ་བརྗོད་པའི་ལྗགས་རྩལ་ཐུང།།

འོན་ཀྱང་སྔོན་སྨོན་ལས་རླུང་དྲག་པོ་དང་།།

རིགས་སྨྲའི་ཆོས་གྲོགས་གསུང་ནན་མ་ལྡོག་པར།།

དོན་ལྡན་དྲུག་འགྱུར་ཆོས་ཀྱི་དབྱངས་སྙན་པོ།།

རྣམ་དཔྱོད་སོར་མོའི་སྟངས་སྟབས་བར་ནས་ཤོར།།

ཚད་ཐུབ་ས་བོན་རྒྱས་བསྡུས་དག་ལས་བཏུས།།

ཁུངས་བཙུན་ངག་སྒྲོས་རེ་འགས་ཟུར་བརྒྱན་བྱས།།

སྤྱི་ཁོག་ལོ་རྒྱུས་གསལ་བའི་མེ་ལོང་འདི།།

གཟུར་གནས་ལུས་ཕྲ་དགྱེས་པའི་དགའ་སྟོན་ཡིན།།

རྒྱང་རིང་ཡུལ་ནས་འོལ་ཚོད་དཔྱད་སྟོབས་ལ།།

མངོན་སུམ་ཡུལ་དང་འགལ་བའི་ནོར་འཁྲུལ་མང་།།

ངག་རིག་སྒེག་མོའི་དཔལ་གྱིས་ཕྱུག་པ་ཚོས།།

འཕྲི་སྣོན་གང་དགོས་བྱེད་པ་རེ་བའི་ཕུལ།།

ཟང་ཟིང་སྒྱུ་མའི་གྲོང་ན་ལྷོད་ལྷོད་ཀྱིས།།

དོན་ལྡན་ལས་ལ་འཇུག་མཁན་སྲིད་མཐའ་ཙམ།།

ཆོས་ཀྱི་དབྱངས་སྙན་འགུག་པའི་སྨྱུག་འཛིན་པར།།

ཡི་དམ་ཆོས་སྲུང་དགྱེས་པའི་འཕྲིན་ལས་མྱུར།།

དེ་ལ་འདིར་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་དྲི་མ་མེད་པ་འཛིན་པའི་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོར་བསྡུས་ཀྱིས་བརྗོད་པ་ལ།གང་དུ་ཕྱག་བཏབ་པའི་གནས་ཀྱི་ཆེ་བ། ཕྱག་འདེབས་མཛད་པ་བོ་བླ་མའི་ཆེ་བ། ཇི་ལྟར་ཕྱག་འདེབས་མཛད་ཚུལ་འཕྲིན་ལས་ཀྱི་ཆེ་བ། མཁས་གྲུབ་གང་དག་གིས་བསྐྱངས་ཚུལ་བསྟན་འཛིན་གྱི་ཆེ་བ། འཆད་ཉན་སྒོམ་སྒྲུབ་བྱེད་ཚུལ་ཉམས་ལེན་གྱི་ཆེ་བ། གཙུག་ལག་ཁང་དང་བྱིན་རྟེན་ཁྱད་འཕགས་ཀྱི་དཀར་ཆག་འགོད་པ་བསོད་ནམས་ཀྱི་ཆེ་བ་བཅས་ས་བཅད་དྲུག་གི་ཆིངས་སུ་བསྡུ་བར་རིགས་སོ།།

དང་པོ་ནི་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་ད་ལྟ་ལྷུན་གྱིས་ཆགས་སའི་གནས་ཀྱི་ཆེ་བ་ནི། བཀའ་གདམས་ཕ་ཆོས་ལེའུ་ཉེར་དྲུག་པ་ལས། དེ་ཡང་ས་པད་མ་འདབ་བརྒྱད་ཀྱི་སྟེང་ཕྱོགས། གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་འོག་ཕྱོགས། སྤང་ལྗོངས་མེ་ཏོག་བཀྲ་བའི་ཚལ།   ལྷུན་པོ་སྤོས་ངད་ལྡན་པའི་འདབས།   གཡུ་མཚོ་གཡུང་དྲུང་འཁྱིལ་བའི་འགྲམ།   རྩི་ཤིང་ནགས་ཚལ་རྒྱས་པའི་གསེབ།   བྱ་ཚོགས་དབྱངས་སྙན་སྒྲོགས་པའི་ས།   བག་ཕེབས་རི་དྭགས་རྒྱུ་བའི་ཡུལ།   གྲོང་ཡུལ་དག་ལ་མི་ཉེ་ཞིང་།   ཞེས་དང་།   རི་པད་མ་སྟོང་ལྡན་དབྱིབས་ལེགས་པ།།   དུས་དགུན་གསུམ་དཀར་བོ་ཤེལ་གྱི་མདོག །   དུས་དབྱར་གསུམ་སྔོན་པོ་གཡུ་ཡི་མདོག །   དུས་སྟོན་གསུམ་སེར་བོ་གསེར་གྱི་མདོག །   དུས་དཔྱིད་གསུམ་ཁྲ་བོ་གཟི་ཡི་མདོག །མདོག་ཕུན་སུམ་ཚོགས་པའི་རི་བོ་ལ།།   ལྟས་ཁྱད་པར་འཕགས་པའི་མཚན་མ་ཡོད།།ཅེས་དང།   བཀའ་གདམས་བུ་ཆོས་ལས།   བྱང་རི་ཤུག་པས་བརྒྱན་པ་གཟིགས།།རི་ཡི་དབྱིབས་ནི་པད་འདབས་འདྲ །   ཞེས་སོགས་གསུངས་པ་དང་ཕལ་ཆེར་སྒོ་མཐུན་པ།ཁྱད་པར་དུ་ལྷོ་གཏེར་རིག་འཛིན་རྒོད་གྱི་ལྡེམ་འཕྲུའི་གཏེར་ལུང་དུ།   མདོ་སྨད་ཤ་ཡི་གནས་གཞི་ཞེས་གྲགས་པ ༔   བདེ་མཆོག་འཁོར་ལོའི་རྩ་ལག་རྒྱས་པའི་རི ༔   པད་མ་རི་མཐོ་ཞེས་བྱའི་གནས་དེ་ལ ༔   འབྲེལ་ཚད་གསང་གསུམ་སྒྱུ་འཕྲུལ་འཁོར་ལོར་ངོམ ༔   ཞེས་དང་།   ར་གཏེར་ཆོས་ཉིད་གླིང་བའི་གཏེར་ལུང་ལས།   རྨ་ཡི་གཡང་ཆགས་འཛུམ་དྲུག་རྒྱས་པའི་སར ༔   བསིལ་བའི་ཚལ་དང་ཙ་རིའི་གནས་ཀྱི་ཆ ༔ གནས་ཆེན་པད་མ་རི་མཐོ་ཞེས་བྱ་བ ༔   ཕྱི་ལྟར་དཔལ་མཆོག་འཁོར་ལོ་སྡོམ་པའི་གནས་ ༔   ནང་ལྟར་དཔལ་རི་པད་མ་འོད་ཀྱི་ཞིང་ ༔   གསང་ལྟར་བདེ་གཤེགས་ཚོམ་བུའི་དཀྱི ལ་འཁོར་བཞུགས ༔   གང་གི་གནས་དེར་འབྲེལ་ཚད་འགྲོ་བ་འདྲེན   ༔   ཞེས་དང།   ཨོ་རྒྱན་རིན་པོ་ཆེའི་ཞལ་ལུང་དུ། རྨ་ཡི་གཡང་ཆགས་ས་ཡི་ལྟེ་གནས་ལ ༔   འཕགས་པ་རིགས་གསུམ་མགོན་གྱི་གནས་རི་ཞེས ༔   པད་མའི་མིང་ཅན་རི་བོ་ནོར་འབར་ཚུལ ༔   ཞེས་སོགས་གཏེར་ལུང་དུ་མས་ཟིན་པའི་གནས་ཆེན་པད་མ་རི་མཐོ་རྔམ་བརྗིད་ཀྱིས་འགྱིང་ངེར་བཞུགས་ལ།   གནས་རི་འདི་ནི་འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི་གནས་རི་འཁྲུལ་མེད་ཡིན་པའི་བརྡར་མཁའ་འགྲོ་སྡེ་ལྔའི་སྲོག་ཡིག་རང་བྱོན་།   ལྷ་ཆེན་ཡབ་ཡུམ་གྱི་མཚན་མ་རང་བྱོན་དུ་ཡོད་པ།   གནས་རིའི་སྟེང་ཕྱོགས་སུ་།   གླེང་གེ་སར་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་དབང་ཆེན་རྟ་མཆོག་རོལ་བ་བསྒྲུབས་པའི་ཕུaག་པ་སེང་ལུའི་སྒྲུབ་ཁང་དཀར་མོ།   མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྲུབ་ཐོབ་དྲན་པ་ནམ་མཁའ་ལྷ་ལུང་དཔལ་གྱི་རྡོ་རྗེ་སོགས་གྲུབ་ཐོབ་མང་བོའི་སྒྲུབ་ཕུག་ཏུ་གྲགས་པ།   ཤར་དུ་བསྒྲུབ་པ་བཀའ་བརྒྱད་ཀྱི་སྒྲུབ་ཕུག   ལྷོ་རུ་སེང་གདོང་སྒྲུབ་ཕུག    ནུབ་ཏུ་རྟ་མགྲིན་སྒྲུབ་ཕུག   བྱང་ཏུ་ཕུར་བུའི་སྒྲུབ་ཕུག    རྗེ་འབངས་ཉེར་ལྔའི་སྒྲུབ་ཕུག་སོགས་དང་།   གཞན་ཡང་གནས་རི་དེའི་མདུན་ངོས་སུ།   ཨ་ཡིག་རང་བྱོན།   ནུབ་ཏུ་གྲུབ་ཐོབ་དྲན་པ་ནམ་མཁས་བདུན་པོ་མ་ཏྲཾ་རུ་ཏྲ་བསྒྲལ་བའི་ཁྲག་ཡིག་གིས་བྲིས་པའི་ཧ་རི་ནི་ས།   བཻ་རོ་ཙ་ནའི་ཕྱག་ཕྲེང་དང་བཅས་པའི་སྐུ་རྗེས།   གེ་སར་རྒྱལ་བོའི་ཕྱག་ཞབས་ཀྱི་རྗེས།   རྐྱང་རྒོད་གཡེར་བའི་རྨིག་རྗེས།   ཁྱི་དིང་ངུའི་རྗེས།   བྱང་གི་ཕྱོགས་སུ་མདའ་རྗེས།   སངས་ཤུལ་སྤྲུལ་སྐུའི་ཞབས་རྗེས།   རྗེ་ཨ་ལགས་ཚུལ་ཁྲིམས་རྣམ་རྒྱལ་གྱི་ཕྱག་རྗེས་འཁྲུལ་མེད།   གཞན་ཡང་སྐུ་དང་ཕྱག་མཚན་རང་བྱོན་སྣ་ཚོགས།   འཕགས་པ་ཐུགས་རྗེ་ཆེན་པོའི་བྱིན་རླབས་རང་འཁྱིལ་གྱི་བརྡ་རུ་ཡིག་འབྲུ་རང་བྱོན་གྲངས་ལས་འདས་པ་དང་།   ལས་འབྲས་བསླུ་མེད་སྟོན་པའི་བརྡར་གཤིན་རྗེའི་རྒྱ་མ་དང་རྔ་བོ་ཆེ།   སེང་ཆེན་གྱིས་བདུད་གཡག་བཏུལ་བའི་ནང་ཁྲོལ་ཆ་ཚང་།   སྐྱེ་འགྲོའི་བར་ཆད་སྐྱོབས་པའི་ཡ་མ་ཐར་ཁུང་སོགས་ངོ་མཚར་བའི་རྣམ་པ་མང་བོ་ཟོལ་བསྟོད་དང་རྫུན་གཏམ་མིན་པར་ད་ལྟ་དེར་གནས་སྐྱེ་འགྲོ་ཀུན་གྱི་མིག་ལམ་དུ་དངོས་སུ་མཇལ་རྒྱུ་ཡོད།

གནས་རི་འདིའི་རྩེ་མོ་རྫ་རི།   བར་དུ་སྤང་རི།   བྲག་རི།   ངོས་ཀུན་ཏུ་ནགས་ཤུག་དང་ས་སྨན་།   རྡོ་སྨན།   ཤིང་སྨན།   རྩི་སྨན་སྣ་ཚོགས་ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོར་སྨིན་པ།   སློབ་དཔོན་པད་མའི་འཆི་མེད་ཚེ་ཡི་སྒྲུབ་གནས་རང་བྱུང་གི་བུམ་པ་བཟང་བོ་ལས་ཆུ་མིག་གི་ཚུལ་དུ་རྡོལ་བའི་སྟེང་ཕྱོགས་ནས་ཤར་དུ་འབབ་པ་སློབ་དཔོན་གྱིས་ཚེ་རིལ་སྦས་པའི་ཚེ་ཆུ།   ལྷོ་རུ་བྱིན་གྱིས་བརླབས་པའི་གྲུབ་ཆུ་སོགས་ཡོད་དེ།   གནས་བཤད་ལས།   དེ་ཡི་སྟེང་ཕྱོགས་ཆུ་བོ་ཤར་འབབ་དེ།   སློབ་དཔོན་ཚེ་རིལ་སྦས་པའི་ཚེ་ཆུ་ཡིན།།   ཞེས་དང་།   དེ་ཡི་སྟེང་ཕྱོགས་ཆུ་བོ་ལྷོ་འབབ་དེ།།   སློབ་དཔོན་བྱིན་གྱིས་རླབས་པའི་གྲུབ་ཆུ་ཡིན།།   པད་འབྱུང་ཡབ་ཡུམ་བྱང་སེམས་དཀར་དམར་ནི།།   རིལ་བུ་ངང་བའི་སྒོང་བ་ཙམ་ཞིག་སྦས།།   ཞེས་གསུངས་པ་ལྟར་རོ།།

གཞན་ཡང་དེ་ལ་གནས་པའི་སྲོག་ཆགས་ཀྱི་རིགས་སྟག་གཟིག་དོམ་དྲེད་འཕར་སྤྱང་སོགས་གཅན་གཟན་སྣ་ཚོགས་དང་།   ཤ་བ་དང་།   གླ་བ།   རྒོ་བ།   གནའ་སོགས་རི་དྭགས་ཀྱི་རིགས་དང་།   ཁྱད་པར་གནའ་བ་སྟོང་ཁྲག་མང་པོ་ཁྱུ་དང་ཁྱུ་བྱས་ནས་གནས་རིའི་སྟོད་སྨད་དང་དགོན་པའི་ཉེ་འཁོར་ཀུན་ཏུ་འཇིགས་པ་མེད་པ་བག་ཡངས་སུ་རྒྱུ་བས་འཚེ་མེད་ཞི་བའི་རྣམ་པ་ལྟ་བུས་བྱང་སེམས་ཀྱི་སྤྲུལ་བ་རྒྱུན་མི་ཆད་པ་བྱོན་པའི་བརྡར་མཚོན་པ་ཡིན་གསུངས་སོ།།

ས་དཔྱད་ཀྱི་དབང་དུ་བྱས་པའི་ཁྱད་ཆོས་ཡང་།   གནམ་འཁོར་ལོ་རྩིབས་བརྒྱད།   ས་པད་མ་འདབ་བརྒྱད།    རྒྱབ་རི་གླང་ཆེན་ཉལ་འདྲ།   མདུན་རི་རིན་ཆེན་སྤུངས་འདྲ།   ཁོར་ཡུག་གི་རི་ཆུ་ལ་བཀྲ་ཤིས་རྟགས་བརྒྱད་ཚང་བ།   ཤར་གྱི་དུང་རི་སྟག་སྐྱ་བོ།   ལྷོ་རི་རྨ་ཆུ་གཡུ་འབྲུག་སྔོན་མོ།   ནུབ་ཀྱི་རྫ་ཁྲ་བྱ་དམར་པོ།   བྱང་གི་གནས་ཆེན་པདྨ་རི་མཐོ་རུས་སྦལ་རྒྱལ་བོ་བཅས་ས་ཡི་སྲུང་བཞི་ཚང་བ།   དེའི་ཁོར་ཡུག་ཀུན་ཏུ་ལྷ་དང་ཀླུ།   གནོད་སྦྱིན།   བཙན།   མ་མོ།   འབྱུང་བོ།   ཤ་ཟ་སོགས་གནས་བཅས་པའི་རི་དང་བྲག   ཕ་བོང་།   ཤིང་སྡོང་།   ཆུ་མིག་སོགས་མང་པོ་དང་ལྡན་པ།   འདུ་འཛི་སོགས་ཀྱིས་དབེན་པ་སྟེ་མདོར་ན་ཐོས་བསམ་སྒྲུབ་པ་ལ་སྦྱོར་བའི་གང་ཟག་ལ་ཆེད་དུ་བྱས་པ་དང་མཚུངས་པའི་ཚུལ་ནི།    བཀའ་གདམས་གླེགས་བམ་ལས།   ཤར་ལྷུན་པོའི་རྩེ་ནས་ཉི་མ་ཤར། །   ཕྱོགས་གཞན་གསུམ་མི་ནོར་ཤུགས་ལ་གནས།།   འཆར་མི་སྔ་སྔ་དུས་བསམ་གཏན་འཕེལ།།   འཆར་མི་འཕྱི་ཉི་འོད་སྨིན་པ་ལ།།   ལུས་བག་ཕེབས་བདེ་བ་སྦྱོར་བར་བྱེད།།   ཅེས་གསུངས་པ་ལྟར་དྲང་སྲོང་གི་བསྟི་གནས་ཆེན་པོ་ཡོན་ཏན་འབུམ་ཕྲག་དང་ལྡན་པ་ཞིག་གོ།

པད་མ་རི་མཐོ་བཀྲ་ཤིས་མཚན་མས་ཕྱུག།

རང་བྱུང་ཕུག་པར་བྱིན་རླབས་འོད་དུ་འཚེར།།

ཚད་མའི་ལུང་གིས་ཟིན་པའི་ཕོ་བྲང་ཆེར།།

ཁ་སྦྱོར་བདུན་ལྡན་འཁོར་ལོ་སྡོམ་པ་བརྗིད།།

སྒྲུབ་ཆུ་བསིལ་མས་ལུས་སེམས་གདུང་བ་སེལ།།

ཡི་གེ་དྲུག་མས་ཐར་བའི་ལམ་སྣ་འདྲེན། །

མ་བྲིས་མཁའ་འགྲོའི་སྲོག་ཡིག་འབུར་དུ་ཐོན།།

མི་འགྱུར་བདེ་ཆེན་གླིང་བའི་གནས་སུ་གྲུབ།།

ཕྱོགས་དང་ཕྱོགས་སུ་བཙན་གཉན་བྲག་རིས་བསྐོར།།

མཚམས་དང་མཚམས་སུ་ནེའུ་གསིང་མཚོ་ཕྲན་མང།།

དྲང་སོང་ཁྱོད་ཀྱི་བསྟི་གནས་འདི་འོ་ཞེས།།

ནགས་མའི་གཡུ་ལོ་འདར་བའི་ཟོལ་གྱིས་འབོད།།

ཅེས་ཤར་འོད་ཚུལ་རྣམ་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དོན་ལྡན་ཆོས་ཀྱི་དབྱངས་སྙན་ལ་འཕྲི་སྣོན་ཅུང་ཙམ་བྱས་པ་པད་མ་དཀར་བོའི་ཆུན་པོ་ལས་གང་དུ་ཕྱག་བཏབ་པའི་གནས་ཀྱི་ཆེ་བ་བརྗོད་པའི་སརྒ་སྟེ་དང་པོའོ།།

གཉིས་པ་ཕྱག་འདེབས་མཛད་པ་པོ་བླ་མའི་ཆེ་བ་ནི།

ཤར་འོད་དགོན་གྱི་ད་ལྟའི་གནས་འདིར་དམ་པ་གོང་མ་མང་བོ་བྱོན་ཏེ་བྱིན་གྱིས་བརླབས་ཤིང་སྒྲུབ་པ་མཛད་པ་སོགས་ནས་བརྩིས་ན་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་དང་ལྡན་པར་བཤད་ཆོག་པ་ལྟ་བུར་ཡོད་ལ།   སྔོན་བྲིས་པའི་དགོན་འདིའི་ལོ་རྒྱུས་ཤིག་ཏུ། རི་ཁྲོད་བཟུང་སྟེ་ཐོག་མའི་རྨང་འདིང་བ་བོ་ནི་ཇེ་སང་དགེ་བཤེས་དགེ་ལེགས་བཟང་བོ་ཡིན་པར་བཤད་ཀྱང་།   ཕྱིས་སུ་དགོན་པ་རང་གི་ལོ་རྒྱུས་འཚོལ་སྡུད་པ་རྣམས་ཀྱིས་ཁུངས་བཙུན་ལོ་རྒྱུས་མང་བོར་ཐོ་གཏུགས་ཏེ་རྩད་ཞིབ་བྱས་རྗེས།   ༧གོང་ས་ལྔ་བ་ཆེན་པོ་རྗེ་བཙུན་ངག་དབང་བློ་བཟང་རྒྱ་མཚོ་1617-1682དཔལ་བཟང་བོ་ཁོང་གིས་དགུང་ལོ་ཉེར་དྲུག་པ་སྟེ་རབ་བྱུང་བཅུ་གཅིག་པའི་ཆུ་ཕོ་རྟ་༡༦༤༢ལོར་བོད་ཀྱི་སྲིད་དབང་ཡོངས་རྫོགས་ཕྱག་ཏུ་བཞེས་ནས་དགའ་ལྡན་ཕོ་བྲང་གི་སྲིད་དབང་དངོས་སུ་བཙུགས།   དེ་རྗེས་ཡུལ་འདིའི་དགེ་སློང་དོན་འགྲུབ་རིན་ཆེན་ཞེས་པར་ཁོང་གི་ཐམ་ག་དང་བཀའ་ཤོག་བསྩལ།   ཇེ་སང་ཞེས་པའི་ཆོ་ལོ་གནང་།

༈ སྐབས་དེར་གནང་བའི་བཀའ་ཤོག་ད་ལྟ་ཤར་འོད་ཚུལ་རྣམ་དགོན་འདིར་དངོས་སུ་བཞུགས་པས་འདིར་ཆ་ཚང་བཀོད་ན།

༄།། གོང་མ་ཧོང་དེའི་ལུང་གིས་ཟི་ཐེན།   ཏཱ་ཞན།   ཙི་ཙཱི་ཕཱོ།   ཤོའུའི་ཐེན་ཞ།   ཤི་ཀྱོའུ།   ཡི་ཐུང་། བིའི་ཞི།   དའི་ཆི།   ཀྱིང་གང།   དེའི་ཁེ།   ཤིང་ཟི།   ཙི་ཡན།   ཞེས་ནུབ་ཀྱི་ལྷ་གནས་ཆེའི་དགེ་བ་བདེ་བར་གནས་པའི་སངས་རྒྱས་བཀའ་ལུང་གནམ་འོག་གི་སྐྱེ་འགྲོ་ཐམས་ཅད་བརྟན་པ་གཅིག་གྱུར་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མར་དབང་བསྐུར་བའི་གཏམ།   འཛམ་གླིང་ཡངས་པའི་གཞིར་འཁོད་པའི་རྒྱ་བོད་ཧོར་གསུམ་མདོ་ཁམས་སྒང་དྲུག   ཨོ་རོད་ཚོ་བ་བཞི།   ཁལ་ཁ་ཚོ་བདུན། མཚོ་ཁྲི་ཤོག་རྒྱལ་མོའི་འགྲམ་དུ་འཁོད་པའི་བླ་མ་སེར་མོ་བ།   དཔོན་ཆེན་ཆུང་།   ཐིའི་ཇི།   ཐ་ནུ་ནང་།   ཨུ་ཅིང་།   ཇའི་སང་།   དེམ་ཆི།   རྡ་རོ་ཁ།   རུང་པོ།   ཨ་མདོ་བ།   ཨ་ལ་ཆིའི་འགྲིམ་འགྲུལ་སོགས་བྱ་བ་ཞི་དྲག་གི་སྣེ་སླེབས་མཐའ་དག་ལ་སྤྲིངས་པ།   དགའ་ལྡན་དའི་ཆིང་སྤོ་ཤོག་ཐུ་ཇུ་ནང་གིས་དགེ་སློང་དོན་འགྲུབ་རིན་ཆེན་སྤུན་རྣམས་དཔོན་དེ་ཉིད་ཞལ་བཞུགས་དུས་ཞབས་ཕྱིར་འགྱུར་ཞིང་སྐུ་གདུང་གདན་འདེན་སོགས་ལ་ཕན་ཐོགས་བྱུང་འདུག་དོན་བཞིན་ལྷ་འབུམ་ལ་ཨེར་ཁེ་ཁུ་ལུག་གི་ཆོ་ལོ་སྦྱིན་པ་དང་།   དེ་རྗེས་བཱ་ཐུར་ཐའི་ཇི་ཨེར་ཏི་ནི་དའི་ཆིང་ཧོ་ཤོར་ཆི་དགའ་ལྡན་སྤོ་ཤོག་ཐུ་ཇི་ནང་གི་སྤུན་བཅས་ཀྱིས་ར་ཐུ་པ་ཐུ་དར་རྒན་ཁུ་ལུག་གི་ཆོ་ལོ་དང་།   ཐམ་ཀ་འདུག་དོན་ལྟར་།   འདི་ནས་ཀྱང་དགེ་སློང་དོན་འགྲུབ་རིན་ཆེན་འདི་པར་དུ་རལ་ཏར་རྒན་ཇིའི་སང་གི་ཆོ་ལོ་དང་ ཐམ་ཀ་སྦྱིན་པ་ཡིན་པས།   བསྟན་དོན་ལ་རྒྱའི་དོན་རྣམས་ཕུད།   དེ་ཕྱིར་ཁྲལ་ཨལ་བ།   ཨུ་ལཱ་ཤུ་པུ།   མི་འོས་པ་མིན་ཕྱིན་འགྲོ་རྟ་ཆད་ལུས་བྱུང་ཚེ་གར་གུའུ་ལེན་ཆོག་པ།   རྩྭ་བཀག    ཆུ་བཀག་མི་བྱེད་ཅིང་ས་ཞིང་སྤུན་ཤ་ཉེ་ཉེ་བར་གཏོགས་ཚད་གོང་འཁོར་སུའི་སར་ཡོད་ཀྱང་བསྙོན་མེད་ཡིན་ན་སྤྲོད་པ་དང་།   ཀོ་གྲུ་ལ་སྒྲོལ་འདོན།   འཕྲོག་བཅོམ་སོགས་གནོད་འགལ་ལོག་པར་འགྲོ་བའི་རིགས་གཏན་ནས་མ་བྱེད་པར་བདེ་བར་ཡི་གེ་འཛིན་ཆུག   ཚུལ་བཞིན་བསྒྲུབ་པ་རྣམས་ལ་ཏིང་ངེ་འཛིན་གྱི་འཇུག་པ་བགྱིད་པ་ཡིན།   ཞེས་གོ་བར་བྱ་བའི་ཡི་གེ་ཆུ་རྟ་ཧོར་ཟླ་བརྒྱད་པའི་ཡར་ཚེས་ལ་རང་བྱུང་འཕགས་པའི་གཞལ་མེད་ཁང་ནས་བྲིས།   གསེར་གྱི་ཐམ་གའི་ཡི་གེ   མན་རྒྱ་སོག་བོད་བཅས་ཡིག་རིགས་བཞི་ལས་བོད་ཡིག་ནི།

ནུབ་ཕྱོགས་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ   རབ་བྱུང་བཅུ་གཅིག་པའི་ཤིང་བྱ་1645ལོར་པཎ་ཆེན་སྐུ་ཕྲེང་ལྔ་བ་བློ་བཟང་ཡེ་ཤེས་1663-1737དཔལ་བཟང་བོས་ཀྱང་གོང་ས་ལྔ་བ་ཆེན་མོའི་ཐམ་ཀ་ཕུལ་བ་ལྟར་ཁོང་དགེ་སློང་དོན་འགྲུབ་རིན་ཆེན་མཆོག་ལ་ཡང་བཀའ་ཤོག་གནང་བ་ནི་གཤམ་གསལ་ལྟར།

༄༅།།   སྟོང་བཅུ་མངའ་བ་བུ་རམ་ཤིང་བའི་རིང་ལུགས་པ་ཤཱཀྱའི་དགེ་སློང་བློ་བཟང་ཡེ་ཤེས་དཔལ་བཟང་བོའི་ཡི་གེ    འཛམ་བུའི་ལྗོན་པས་མཚན་པའི་ནོར་འཛིན་གྱི་གཞིར་སྤྱོད་པའི་སྐྱེ་འགྲོ་སྤྱི་དང་།   བྱེ་བྲག་རྒྱ་ནག་ཡུལ་ཁམས་ཆེན་པོ།   ཁལ་ཁ།   ཨོའི་རོད།   མཚོ་ཁ།   མདོ་ཁམས་སོགས་ཀྱི་སའི་ཆར་འཁོད་པའི་བླ་མ།   སློབ་དཔོན།   གྲྭ་རིགས།   རྒྱལ་པོ་རྒྱལ་ཕྲན།   བློན་པོ།   ཇའི་སང་།   མི་བཟང་།   མཁར་སློང་གི་མི་དཔོན།   རྡ་རོ་ཁ།   དཔྱ་ཁྲལ་ཤོ་གམ་ལེན་མི།   ལ་འཕྲང་ཆུ་གསུམ་བསྲུང་པ།   ཨེལ་ཆིའི་འགྲིམ་འགྲུལ་བ་དམངས་ཀྱི་སྐྱེ་བོ་ཇི་སྙེད་པ་སོགས་མཆོག་དམན་ཀུན་གྱིས་དགོངས་ཤིང་མཉན་པར་བྱ་བ་ལ།   དགའ་ལྡན་དའི་ཆིང་སྦོ་ཤོག་ཐུ་ཇུ་ནང་གི་དགེ་སློང་དོན་འགྲུབ་རིན་ཆེན་སྤུན་རྣམས་དཔོན་དེ་ཉིད་བཞུགས་སྐབས་ཀྱང་ཞབས་ཕྱིར་འགྱུར་ཞིང་།   སྐུ་གདུང་འདྲེན་པ་སོགས་ལ་ཕན་ཐོགས་པ་བྱུང་འདུག་པ་ནས།   ༧ གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་བཀའ་ཤོག་ཆོ་ལོ་བསྩལ་བའི་དགོངས་དོན་བཞིན་ལ་འདི་ནས་ཀྱང་ཞབས་འདེགས་ཀྱི་ཐམ་ཀ་བྱས་པ།   གོང་འཁོར་ཐམས་ཅད་ནས་ཕན་གྲོགས་སུ་གང་འགྲོ་ལས་གནོད་འགལ་ཟོས་མི་བདེ་བར་འགྲོ་བ་མ་བྱེད།   སྨྲས་པ་བཞིན་བགྱིད་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་ཡིན།   ཞེས་གོ་བར་བྱ་བའི་ཡི་གེ་ཤིང་བྱ་ལོ་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་དགེ་བ་ལ།   ༧རྒྱལ་བའི་ཆོས་ཚུལ་མ་ལུས་པའི་འབྱུང་གནས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོའི་གཟིམ་ཁང་རྒྱལ་མཚན་མཐོན་པོ་ནས་བྲིས།   རྒྱལ་དབང་པཎ་ཆེན་རྣམ་གཉིས་ཀྱི་ཐམ་ཀ་དང་བཅས་པའི་བཀའ་ཤོག་འདི་དག་ད་ལྟ་ཡང་ཤར་འོད་ཚུལ་རྣམ་དགོན་འདིར་བྱིན་བརླབས་འོད་དཀར་གྱི་གཟི་འོད་འཕྲོ་བཞིན་བཞུགས་པས་ཡུལ་འདིའི་རྒྱན་དུ་ཆེའོ།།

གཞན་ཡང་སྡེ་བ་གཞུང་གི་ལས་ཚན་ཁག་གིས་བཀའ་ཤོག་གནང་བ་དག་ཀྱང་སྤྱི་ལོ་༡༩༥༨་ལོ་བར་ཇེ་སང་ནང་ཆེན་དུ་བཞུགས་པར་བཤད།   དེས་ན་དགེ་སློང་དོན་འགྲུབ་རིན་ཆེན་ཚང་གིས་ཡུལ་འདིར་རི་ཁྲོད་བཟུང་བ་ནས་དགོན་པའི་རྨང་གཞི་ཐོགས་མར་འཛུགས་པ་བོ་འཇོག་དགོས་པར་བཞེད་དོ།།        དེ་ལྟར་ན་དགོན་པའི་རྨང་གཞི་ཚུགས་ནས་སྤྱི་ལོ་༢༠༡༩ལོ་བར་དུ་ལོ་གྲངས་སུམ་བརྒྱ་དོན་ལྔའི་ལོ་རྒྱུས་ཡོད་དོ།།      འོན་ཀྱང་དགེ་སློང་དོན་འགྲུབ་རིན་ཆེན་ཚང་གི་མཛད་རྣམ་ཕྱི་རབས་དཔྱོད་ལྡན་དག་གིས་ཞིབ་དཔྱད་ཀྱིས་ཁ་སྣོན་གནང་རོགས་ཞེས་ཞུ་རྒྱུ་ལས་གཞན་ཁོང་གི་རྣམ་ཐར་ཕྲ་ཞིབ་སྙེད་སོན་མ་བྱུང་།     དེ་ལྟར་དགོན་པས་བསྡུས་པའི་ལོ་རྒྱུས་ཀྱི་ས་བོན་ལྟར་ན་དགེ་སློང་དོན་འགྲུབ་རིན་ཆེན་མཆོག་དང་ཇའི་སང་ཨ་ཀྱ་དགེ་སློང་།    ཇའི་སང་ཟླ་བ་བླ་མ།   ཨ་ལགས་རྨར་སྐམ་ཉི་མ་ཐག་སྟོད།   ཨ་ལགས་དར་ཧྭན་རྣམས་རིམ་པར་བྱོན་ཏེ་པདྨ་རི་མཐོར་སྒོམ་སྒྲུབ་ཉམས་ལེན་གནང་རྗེས།    ཡུལ་འདིར་ཇེ་སང་དགེ་བཤེས་དགེ་ལེགས་བཟང་བོ་བྱོན།    དགེ་བཤེས་འདི་ནི་ཇེ་སང་དབང་དྲག་རྡོ་རྗེ་རབ་བརྟན་གྱི་གདུང་རྒྱུད་དུ་ཡབ་ཇེ་སང་བཀྲ་ཤིས་རབ་བརྟན་དང་ཡུམ་འོད་ཟེར་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་ཤིང་ཕག་༡༧༥༥ལོར་སྐུ་འཁྲུངས་ཤིང་།    སྐུ་ན་ཕྲ་བའི་དུས་ནས་བཟུང་ཨ་རིག་དགེ་བཤེས་ཆེན་མོས་རབ་འདོད་ས་གླང་སྤྱི་ལོ་༡༧༦༩ལོར་ཕྱག་བཏབ་པའི་མདོ་སྨད་རྭ་རྒྱ་དགོན་དུ་ཆོས་ཞུགས་གནང་ཞིང་ཐུན་མོང་རིག་པའི་གནས་ཀུན་ལ་མཁས་པར་སྦྱངས།   དགུང་གྲངས་ཉེར་ལྔ་བར་དབུས་སུ་ཕེབས་ནས་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་གི་བྱང་རྩེ་གྲྭ་ཚང་གི་ཆོས་སྒོར་ཞུགས།   མདོ་སྔགས་གཉིས་ཀར་ཐོས་བསམ་དཔྱིས་ཕྱིན་པར་མཛད་ཅིང་རྩོད་ངག་ལུང་རིགས་ཀྱི་འཁོར་ལོའི་མཐུ་ལ་བརྟེན་ནས་སེ་འབྲས་དགེ་གསུམ།   རྒྱུད་སྟོད་སྨད་དང་བཅས་པའི་རིགས་པའི་དབང་ཕྱུག་ཡོངས་ཀྱི་ཁྱུ་མཆོག་རུ་གྱུར་མོད།   བོད་སྡེ་བ་གཞུང་གི་ཕྲག་དོག་ལ་བརྟེན་ནས་དགེ་བཤེས་ལྷ་རམས་པའི་མིང་རྟགས་ཨང་དང་བོ་དེ་སྟེར་མ་འདོད་པར་ཤོ་རྒྱན་ལ་བརྟེན་ནས་སུ་རྒྱལ་བལྟ་དགོས་པ་བྱུང་ཚེ།   དམ་པ་འདི་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས་ཤིང་རྗེས་སུ་བཟུང་བ་ཞིག་ཡིན་ཕྱིར།   དམ་ཅན་ཆོས་ཀྱི་རྒྱལ་བོས་རྭ་རྩེ་ནས་ཤོ་དུམ་བུར་བཏང་སྟེ། ཤོ་མིག་ཉེར་གཅིག་ཏུ་བབས་པས།   ཤོ་མིག་བཅོ་བརྒྱད་ཀྱི་རྒྱལ་ཁ་ལ་རེ་བའི་བོད་སྡེ་བ་གཞུང་གི་དྲེགས་ལྡན་དག་གིི་ང་རྒྱལ་གྱི་རལ་བ་ས་ལ་བསྙིལ།   རྒྱལ་དབང་ཐམས་ཅད་མཁྱེན་པས་ལེགས་སོའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།   དགའ་ལྡན་ཚོགས་མང་ལ་རྡོར་དབྱིངས་ཀྱི་དབང་བསྐུར་།   དགུང་ལོ་ཞེ་བཞི་བར་ཕྱིར་རྭ་རྒྱ་དགོན་པར་ཕེབས་ནས་འདུ་ཁང་ཞིག་གསོ་དང་ལི་མ་ཁང་གསར་བསྐྲུན་སོགས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ལ་ཕྱག་རྗེས་ཟླ་མེད་པ་བཞག   དགུང་ལོ་ལྔ་བཅུ་བར་སྐུ་ཡུལ་ཤར་འོད་དུ་བྱོན་ནས་ཆོས་སྒར་བཙུགས་ཤིང་མདོ་སྔགས་གཉིས་ཀྱི་དབང་ལུང་ཁྲིད་གསུམ་གྱིས་སྐལ་བ་དང་ལྡན་པ་བརྒྱ་ཕྲག་སྨིན་གྲོལ་གྱི་ས་ལ་བཀོད།   དེའི་སྐབས་སུ་ཆོས་སྒར་འདིའི་མཚན་ལ་གཞན་ཕན་ཀུན་བདེ་གླིང་ཞེས་འབོད་པར་བཤད།   དགུང་གྲངས་རེ་བཞིའི་སྟེང་དབུས་གཙང་ནས་གདན་འདྲེན་ཞུས་པ་ལྟར་ཕེབས་ནས།   གྲྭ་ས་སེ་འབྲས་དགེ་གསུམ་གྱི་དགེ་འདུན་འདུས་པ་རྒྱ་མཚོར་རྡོ་རྗེ་ཕྲེང་བ་དང་རིན་འབྱུང་བརྒྱ་རྩ་སོགས་ཀྱི་དབང་བསྐུར་བའི་ཡོན་དུ་སྡེ་བ་གཞུང་ནས་ཆོས་ཐོབ་ལ་གདུགས་རྟ་དར་བཅུ་གསུམ་དང་དཔོན་ཐོབ་ལ་ཁྲི་སྡེ་གཅིག་གི་ཇུན་ཝང་གི་ཐོབ།   རྒྱལ་དབང་བཅུ་བ་ཆེན་མོས་ཇེ་སང་ནོ་མོན་ཧན་གྱི་ཆོ་ལོ་བསྩལ།   ཕྱིར་རྭ་རྒྱར་ཕེབས་ཏེ་སྨན་པ་གྲྭ་ཚང་གི་འདུ་ཁང་གསར་བཞེངས་དང་དྲུག་གསུམ་བཅོ་བརྒྱད་ཀྱི་གཏོང་སྒོ་གནང་།   དགུང་གྲངས་གྱ་གསུམ་པར་སྤྱི་ལོ་1838སྐུ་ཚེ་གཞན་དོན་དུ་གཤེགས་སོ།།   མདོར་ན་ ད་ལྟ་གནས་ཆེན་པད་མ་རི་མཐོའི་ཕང་བར་ལྷུན་གྱིས་ཆགས་པའི་ཤར་འོད་ཚུལ་རྣམ་དགོན་མི་འགྱུར་བདེ་ཆེན་གླིང་དངོས་སུ་ཕྱག་བཏབ་སྟེ།   གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་དང་འདུལ་བའི་ཕྱག་ལེན་དངོས་གཙང་སོགས་འཛུགས་པ་བོ་ནི།   ཇི་སྐད་དུ་སྙན་ངག་སྨྲ་བའི་དབང་ཕྱུག་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་དཔལ་བཟང་བོའི་ཞལ་ནས།   སྡོམ་གསུམ་བསླབ་ཁྲིམས་འདབ་མའི་སྦུབས་རྒྱ་གཙང་།།   མདོ་རྒྱུད་མན་ངག་སྦྲང་རྩིའི་ཟིང་མངར་འཁྱིལ།།   གཞན་ཕན་འཕྲིན་ལས་དྲི་བསུང་ཕྱོགས་བརྒྱར་འཐུལ།།    སྐྱབས་གཅིག་ཚུལ་ཁྲིམས་རྣམ་རྒྱལ་ལ་ཕྱག་འཚལ།།   ཞེས་དང་།   མཁས་དབང་ཚེ་ཏན་ཞབས་དྲུང་རིན་པོ་ཆེའི་ཞལ་ནས།   སྒོ་གསུམ་སྡོམ་པའི་ཚུལ་ཁྲིམས་ཡང་དག་གཙང་།།   གཞན་ཕན་སྤྱོད་བཟང་མ་བཅོས་ལྷུན་གྱིས་གྲུབ།།   ཕྱོགས་ལས་རྣམ་པར་རྒྱལ་བའི་མཆོག་བརྙེས་པ།།   དད་ལྡན་གཙུག་གི་རྒྱན་དུ་གུས་པས་མཆོད།།   མང་ཐོས་ཚུལ་ལྡན་ལྷ་རྫས་གོས་བཟང་བརྩེགས།།   བག་ཡོད་ཁྲིམས་གཙང་ནོར་བུའི་ཏོག་གིས་མཛེས།།   རྣམ་དག་བསྟན་པའི་ཁུར་འཁྱེར་ཡུ་བ་བརྟན།།   ཆོས་ཀྱི་རྒྱན་མཚན་མདོ་ཁམས་འཛིན་མའི་རྒྱན།།   ཞེས་སོགས་དོན་ལ་གནས་པའི་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་བ།   མཁས་གྲུབ་གཉིས་ལྡན་གྱི་རྗེ་བཙུན་བླ་མ་དམ་པ་ཤར་འོད་ཚུལ་ཁྲིམས་རྣམ་རྒྱལ་དཔལ་བཟང་བོ་མཆོག་ལགས་པས།   འདིར་ཁོང་གི་གསང་གསུམ་རྒྱ་མཚོ་ལྟ་བུ་ལས་བཀའ་དྲིན་དྲན་པའི་གསོས་སུ་རྣམ་ཐར་རྒྱས་བསྡུས་འཚམས་པ་ཤིག་དེབ་འཕྲེང་འདིའི་གོང་དུ་བཀོད་ཡོད་པས་དེ་ཙམ་གྱིས་འཐུས་བར་བྱས་སོ།།

   ཞེས་ཤར་འོད་ཚུལ་རྣམ་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དོན་ལྡན་ཆོས་ཀྱི་དབྱངས་སྙན་ལ་འཕྲི་སྣོན་ཅུང་ཙམ་བྱས་པ་པད་མ་དཀར་བོའི་ཆུན་པོ་ལས་ཕྱག་འདེབས་མཛད་པ་པོ་བླ་མའི་ཆེ་བ་བརྗོད་པའི་སརྒ་སྟེ་གཉིས་པའོ།།

གསུམ་པ་ཇི་ལྟར་ཕྱག་འདེབས་མཛད་ཚུལ་འཕྲིན་ལས་ཀྱི་ཆེ་བ་ནི།

ཇེ་སང་དགེ་སློང་རིན་ཆེན་དོན་གྲུབ་ནས་བཟུང་སྐྱེས་བུ་དམ་པ་མང་བོ་ཞིག་གིས་སྔ་ཕྱིར་རི་ཁྲོད་དང་ཆོས་སྒར་གྱི་རྣམ་པས་ཕལ་ཆེར་པད་མ་རི་མཐོ་དང་སྐབས་འགར་གནས་ངེས་མེད་ཀྱི་ཚུལ་དུ་དུས་མཆོད་འཚོགས་པ་དང་།   སྨྱུང་ཆེན་འཛིན་པ།   ཆོས་འཆད་དབང་བསྐུར་སོགས་ལོ་ཡི་འཁོར་མོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་ལ་རྒྱུན་བསྐྱངས་མཐར།   རྒྱལ་བ་རྒྱལ་སྲས་མང་བའི་ཐུགས་བསྐྱེད་དུས་སུ་སྨིན་ཞིང་།   སྐལ་ལྡན་སྐྱེ་བོའི་བསོད་ནམས་གཟུགས་སུ་གྲུབ་པས།   མཁས་དང་གྲུབ་པའི་དབང་ཕྱུག་རྗེ་ཚུལ་ཁྲིམས་རྣམ་རྒྱལ་ཚང་ལའང་སྔ་ཕྱིར་མ་བསྒྲིགས་རང་འགྲིག་གི་རྟེན་འབྲེལ་མང་བོ་འཛོམས་པ་དང་།   དད་ལྡན་དུ་མས་ཀྱང་ཡང་ཡང་བསྐུལ།   ཟབ་མོ་ཆོས་ཀྱིས་འབྲེལ་བའི་སློབ་བུ་དག་སྐྱོང་བའི་དུས་ལ་བབས་པར་གྱུར་བ་ན།   རྗེ་བཙུན་བླ་མ་དམ་པ་རྗེ་ཚུལ་ཁྲིམས་རྣམ་རྒྱལ་མཆོག་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དང་བསྟུན་ནས་ལྷ་སར་ཕེབས་ཏེ།   ཇོ་བོ་རིན་པོ་ཆེའི་དྲུང་ནས་ཁོང་གི་སྐུ་ཚེ་འདིར་དཀའ་སྤྱད་སྨྱུང་བར་གནས་པའི་དགོན་སྡེ་ཐུགས་མཐུན་ཁྲིམས་གཙང་ཞིག་གསར་འདེབས་ཀྱིས་གཙོས་བསྟན་འགྲོའི་ཕན་བདེར་དགོངས་པའི་ཐུགས་སྨོན་རྒྱ་གང་ཆེ་གནང་།   ཁོང་གི་ཐུགས་སྲས་དམ་པ་ཤར་འོད་མཁན་ཆེན་བློ་བཟང་ཤེས་རབ་།   དགེ་སློང་ཚུལ་ཁྲིམས་དར་རྒྱས་སོགས་རྗེ་འདིའི་སློབ་མ་ཀུན་སྤངས་རི་ཁྲོད་པ་དུ་མས་ཀྱང་སྐབས་དེ་ དང་བསྟུན་ནས།   ཚེ་དང་སྒྲུབ་པ་སྙོམས་པ་དང་།   དགེ་སློང་མ་དཔལ་མོའི་ལུགས་ཀྱི་སྨྱུང་བར་གནས་པའི་དཀའ་ཐུབ་ལ་རྒྱུན་དུ་གནས་ཞེས་ཇོ་བོ་རིན་པོ་ཆེ་དང་ཁོང་གཉིས་ཀྱི་སྤྱན་སྔར་དམ་བཅས་པས་ཐུགས་དགྱེས་པ་ཆེན་པོས་ཕྱིར་རང་ཡུལ་དུ་ཕེབས།ཀུན་གཟིགས་སྣང་བ་མཐའ་ཡས་པཎ་ཆེན་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་གཙང་ཨ་རིག་རྭ་རྒྱ་དགོན་དུ་བཞུགས་ཚེ་ཁོང་སྐུ་མདུན་དུ་ཕེབས་ནས་ཟབ་ཆོས་མང་དུ་ཞུས་ཤིང་བསྙེན་རྫོགས་བསྐྱར་བསྒྲུབས་གནང་རྗེས།   ཉིན་ཞིག་ཁོང་པཎ་ཆེན་རིན་པོ་ཆེའི་སྐུ་གམ་དུ་ཆེར་གཉེར་གདན་དྲངས་ཏེ།   ཁྱེད་ཀྱིས་དཀའ་ཐུབ་སྨྱུང་བར་གནས་པའི་སྒྲུབ་སྡེ་རི་ཁྲོད་ཅིག་བཏབ་ན་ཤིན་ཏུ་ལེགས་པའི་ཚུལ་ལུང་བསྟན་པས།   རྗེ་ཉིད་ཀྱིས་སྔོན་ལྷ་སར་ཇོ་བོ་ཡིད་བཞིན་ནོར་བའི་སྐུ་མདུན་ནས་སྨོན་ལམ་བཏབ་པ་དང་གཅིག་མཐུན་དུ་གྱུར་ཏེ་དགྱེས་ཚོར་ཆེན་པོས་གུས་པའི་ཕྱག་དང་བཅས་ཁས་བླངས།   བདག་གིས་དགོན་གཞི་རི་ཁྲོད་ཅིག་བཏབ་ཚེ་དགེ་འདུན་གྱི་སྡེ་ཐུགས་མཐུན་ཁྲིམས་གཙང་འབྱུང་བ་དང་།   ཚེ་རབས་ཀུན་ཏུ་མགོན་པོ་ཁྱེད་ཀྱི་རྗེས་སུ་གཟུང་ཏུ་གསོལ་ཞེས་ཞུས་པར།   ཀུན་གཟིགས་མཆོག་གིས་ཞལ་འཛུམ་པ་དང་བཅས་ཏེ།   ཁྱེད་ཀྱི་སློབ་ཚོགས་ཐུགས་མཐུན་ཁྲིམས་གཙང་གི་འདུས་སྡེ་དེའི་དགེ་འདུན་པ་ཞིག་ཡིན་ཚད་མ་འོངས་པ་ན་རིགས་ལྡན་དྲག་པོ་འཁོར་ལོ་ཅན་གྱི་དྲུང་དུ་སྐྱེ་བར་ཐེ་ཚོམ་མེད་པས་དེ་ལྟར་ཐུགས་ལ་ཟུངས་ཞེས་གསུང་ཚད་མའི་དབྱངས་ཀྱིས་དབུགས་དབྱུང་ལེགས་པར་མཛད་དོ།།

དེ་ནས་དགོན་པ་གནས་གཅིག་དུ་གཞིས་ཆགས་མཛད་ཡུལ་གྱི་ས་དཔྱད་དང་རྟེན་འབྲེལ་ལ་བརྟགས་ཚེ།   སྔོན་མཚོ་སྔོན་དགེ་བཤེས་སྣང་མཛད་རྡོ་རྗེའི་རི་ཁྲོད་ཞལ་གདམས་ལས།   ཕྱོགས་ལྷོ་ངོས་རྨ་སྟོད་ཡུལ་ཕྱོགས་འདིར།།   གནམ་འཁོར་ལོ་རྩིབས་བརྒྱད་འབར་བའི་འོག །   ས་པད་མ་འདབ་བརྒྱད་འདྲ་བའི་སྟེང་།།   མཁར་ཁྲ་བོ་རི་ཡི་ངོགས་ཤེད་དུ།།   དཔལ་ཨོ་རྒྱན་པད་མའི་སྤྲུལ་བ་གཅིག །   ཞབས་གསེར་གྱི་འཁོར་ལོ་ལེགས་བཀོད་ཚེ།།   ངོ་མཚར་བའི་རྟེན་འབྲེལ་སྣ་ཚོགས་དང་། ། རྗེ་གྲུབ་ཐོབ་གོང་མའི་བཀའ་ལུང་ལྟར།།   དབྱིབས་བཀྲ་ཤིས་ཕུན་ཚོགས་འཁྱིལ་བའི་སར།།   མཚན་སྙན་པ་མི་འགྱུར་བདེ་ཆེན་གླིང་།།   ཞེས་བྱ་བའི་དགོན་པ་བཏབས་ནས་སུ།།   ཡོངས་འགྲོ་ལ་བདེ་སྐྱིད་ཉི་མ་འཆར།།   ཞེས་དགོན་པའི་བརྟན་གཡོའི་བཀོད་པ་དང་མཚན་མི་འགྱུར་བདེ་ཆེན་གླིང་ཞེས་པའང་གསལ་བོར་ལུང་བསྟན་པ་དང་མཐུན་པར་བྱུང་སྟེ་གཏན་གྱི་དགོན་གནས་སུ་ཐུགས་ཐག་བཅད་དོ། །

རྗེས་སུ་གདན་ས་འདི་དགེ་ལྡན་སྒྲུབ་རྒྱུད་ཀྱི་བསྟན་གཞི་ཡིན་པ་དང་།    རི་ཁྲོད་པ་ཤ་སྟག་ཡིན་པས་རྩང་སྐོར་ཞོལ་མའི་དཔལ་མཚོའི་བླ་མ་ཚང་གིས་གཟན་སེར་གྱི་འགྱེད་དང་།   ཕྱིས་ཀྱི་གྲྭ་ཚང་གི་ན་བཟའི་ཐེབས་སུ་མཛོ་མོ་བརྒྱད་ཕུལ།   དེ་ལ་ཁོང་རྡོ་རྗེ་འཆང་བླ་མ་ཚུལ་རྣམ་རིན་པོ་ཆེ་ཡང་ཐུགས་དགྱེས་ཚུལ་ཆེན་པོར་གནང་བས་དུས་དེ་ནས་བཟུང་སྟེ་དགོན་འདིའི་གྲ་ཚང་ནི་མནབ་གཟན་སེར་བོ་ཅན་ཤ་སྟག་ཡིན་ནོ།།

དེ་ཡང་རྗེ་ཚུལ་རྣམ་རིན་པོ་ཆེའི་དགུང་གྲངས་སོ་ལྔ་བཞེས་པ་རབ་རྒྱལ་ལྕགས་འབྲུག་སྤྱི་ལོ་༡༩༤༠ལོའི་ས་ག་ཟླ་བའི་ཡར་ངོས་ཀྱི་ཚེས་བཟང་བོར་དགོན་པ་གསར་འདེབས་ཀྱི་སྔོན་དུ་ལྟོ་འཕྱེ་བརྟགས་པ་དང་།   ས་བསླང་བ།   བཀྲ་ཤིས་གསོ་སྦྱོང་སོགས་ལེགས་པར་གནང་རྗེས།   འདུ་ཁང་དང་།   བླ་བྲང་གི་གཞི་ཐིག   གྲྭ་ཁང་རྣམས་ཀྱང་ཁང་ཚན་གྱི་ཚུལ་དུ་ཐིག་བཏབས་ཏེ།   རིམ་བཞིན་ཤིང་བཟོ་དང་།   རྡོ་བཟོ།   མགར་བ།   ལྷ་བཟོ་བ་སོགས་མང་བོ་གདན་དྲངས་ནས་གཞི་རྒྱ་ཆེ་བའི་བྱ་བ་ལས་ཀྱི་འཁོར་ལོས་མི་རིང་བར་འདུ་ཁང་དང་། དྲི་གཙང་ཁང་།   བླ་བྲང་།   གཟིམ་ཤག   རུང་ཁང་། གཙུག་ལག་ཁང་སོགས་བཞེངས་གྲུབ་སྟེ།       གཙང་ལག་ཁང་གི་དབུས་སུ་རྗེ་ཉིད་ཀྱི་སྐུ་ཚད་དང་མཉམ་པའི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་།   རིགས་གསུམ་མགོན་པོ།   དེ་ལས་ཕྱག་རྡོར་གྱི་ཐོད་སྐམ་ལྔ་ལས་བདུད་རྩི་བབས་པ།   མགོན་པོ་ཕྱག་དྲུག་པ་ཞིག་བཞེངས་པ་གློ་བུར་དུ་སྐུ་ཇེ་ཆེར་སོང་སྟེ་དྲ་མིག་སྤར་དགོས་བྱུང་།   གཞན་ཟངས་གསེར་གྱི་ཐུབ་དབང་དང་གནས་བསྟན་བཅུ་དྲུག    རྗེ་གཟིགས་པ་ལྔ་ལྡན།   སྨན་འདམ་ལས་གྲུབ་པའི་རྒྱན་དྲུག་མཆོག་གཉིས།   མཁན་སློབ་ཆོས་གསུམ།   ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་ལྔ་བ་ཆེན་མོས་གནང་བའི་ཇོ་སྐུ་བྱིན་རླབས་ཀྱི་གཟི་འོད་འཕྲོ་བ།    གཤེགས་ལྷ་སོ་ལྔ།    སྨན་བླ་བདེ་གཤེགས་བརྒྱད།   རྗེ་མདོ་སྔགས་བསྟན་པའི་ཉི་མའི་སྐུ་དམར་གདུང་།    གཙང་བ་གྲུབ་དབང་བྱམས་པ་ཆོས་འཛིན་གྱི་སྐུ་དམར་གདུང་།   མགར་བ་བླ་མ་འཇམ་དབྱངས་ཀྱི་སྐུ་གདུང་ཟངས་གསེར་ལས་གྲུབ་པ་ལུས་ཚད།   མཚམས་པ་སྨོན་ལམ་བཟང་བོའི་སྐུ་གདུང་དངུལ་དཀར་ལས་གྲུབ་པ།   ཟངས་གསེར་གྱི་ཇོ་སྐུ།   བྱམས་པ།   ཐུགས་རྗེ་ཆེན་པོ།   གནས་བཅུ།   བཀའ་འགྱུར་ཚར་གསུམ།   བསྟན་འགྱུར་གཅིག   གྱན་ཐང་སངས་རྒྱས་སྟོང་ཐང་གཉིས།   སྨན་བླའི་ཞིང་བཀོད།   གྲུབ་ཆེན་བརྒྱད་ཅུ་རྩ་བཞི།    བདེ་བ་ཅན་གྱི་ཞིང་བཀོད།   རི་བོ་པོ་ཏ་ལའི་ཞིང་བཀོད།   འཇམ་དབྱངས་སྨྲ་སེང་།      གདུགས་དཀར།   གྲུབ་ཆེན་མེ་ཏྲི་བའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ།     ཐུགས་རྗེ་ཆེན་པོ་འཇིགས་པ་བརྒྱད་སྐྱོབས།   ཐུགས་རྗེ་ཆེན་པོ་ནམ་མཁའ་སྒོ་འབྱེད།    ཡུམ་ཡི་གེ་དྲུག་མ།   སྲས་ནོར་བུ་འཛིན་པ་སོགས་དང་།   ཨ་སྐྱོང་དཔོན་མོ་གཟི་བརྗིད་སྒྲོན་མས་བཞེངས་པ།   རྔ་ཡུལ་གྱི་གོས་ལྷ་བཟོ་ཀུན་དགའ་ཆོས་དབྱིངས་ཀྱི་ཕྱག་རིས་དཔག་བསམ་འཁྲི་ཤིང་ཁྱད་མཚར།   སྒྲོལ་མའི་སྟོང་ཐང་།   སྒྲ་མི་སྙན་གྱི་ཚེ་དཔག་མེད།    ཚེ་དཔག་མེད་སྟོང་སྐུ་བཅས་དང་།     སྒོ་འཕྱོར་དུ།    རྒྱལ་ཆེན་སྡེ་བཞི།   བྱང་ཤམ་བྷ་ལའི་ཞིང་བཀོད།   ས་ལམ་དཔེ་རིས།   སྲིད་པའི་འཁོར་ལོ་ཆ་ལྔ་བ་སོགས་བསོད་ནམས་ཀྱི་གཏེར་དུ་བཞེངས་སོ།།       དེ་དག་གི་མདུན་དུ་ཉིན་རེར་ཡོན་ཆབ་སྟོང་གཉིས་དང་།    ཚེ་འབར་དུ་མ་དང་བཅས་བར་མ་ཆད་པར་ཡོད་ལ་མཆོད་ཆོག་གི་ཕྱག་བཞེས་རྗེ་གསེར་ཁང་བའི་ཕྱག་བཞེས་ལྟར་ཡིན་ནོ།།

བླ་བྲང་ནང་དུ་གཟིམ་ཤག་དང་མཆོད་ཁང་སོ་སོར་བཅད།   དེར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་།   འཇིགས་བྱེད།   གཤེགས་ལྷ་སོ་ལྔ།   བཀའ་འགྱུར་དང་།   རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ།   སྔོན་ནས་བཞེངས་པའི་ཆོས་མཛད་རྡོ་རྗེ་འཆང་གི་དངུལ་གྱི་མཆོད་རྟེན་ཆ་བརྒྱད།   དུས་འཁོར་མཆོད་རྟེན།   བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ལགས་བླ་ཁོ་རིན་པོ་ཆེ་འཇིགས་མེད་ཕྲིན་ལས་རྒྱ་མཚོས་གནང་བའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་གསུང་འབྱོན་མར་གྲགས་པ།   ནང་རྟེན་མཁའ་འགྲོ་སུ་ཁ་སིངྷིའི་རྐང་གླིང་།   བདེ་གསང་འཇིགས་གསུམ།   ཐང་སྐུ་སོགས་མཐའ་ཡས་པ་བཞུགས།   ནང་ཆེན་འཁྱམས་ཀྱི་ར་བར་མ་ཎི་དུང་འཁོར་གྲྭ་བ་རྣམས་རེས་མོས་བྱས་ཏེ་ཉིན་མཚར་བར་མེད་དུ་སྐོར་དགོས་པ་ཞིག་དང་།   དགོན་པའི་མཐའ་སྐོར་དུ་བཀའ་འགྱུར་འཁོར་ཆེན།   མ་ཎི་དུང་འཁོར་གཉིས་སོགས་ལེགས་གྲུབ་བྱུང་བར་མ་ཟད།འདུལ་བ་གཞི་གསུམ་གྱི་ལག་ལེན་རྭ་རྒྱ་དགོན་པའི་ཕྱག་བཞེས་དཔེར་མཛད་ནས་དམ་ཆོས་འདུལ་བའི་དགོངས་དོན་ལྟར་དང་།   སྐབས་དེའི་ཤར་འོད་ཚུལ་རྣམ་དགོན་གྱི་པ་འགྲིག་ཁྲིམས་དང་ཆོས་སྤྱོད་ཀྱི་རིམ་པ་ནི།   རྒྱུན་དུ་བྱང་ཆུབ་ལམ་རིམ་ཆེན་མོ་སྐོར་སྦྱངས།   ཚོགས་འདོན་ལ་ཉིན་རེ་བཞིན་ནང་ཚོགས་ལ་བླ་མཆོད་དང་འཇིགས་བྱེད་།   གཏོར་བསྔོས།   སྨོན་ལམ་རྣམ་ལྔ།   དགོང་ཚོགས་ལ་ཐུགས་རྗེ་ཆེན་པོའི་ཆོ་ག་ཁྲུས་ཆོག་དང་བཅས་པ།   སྐུ་རིམ་རྣམ་གསུམ།   ཞི་བ་ལམ་བཟང་།   གསུར་མ་ཎི་བསྔོ་སྨོན་དང་བཅས་པ།   ཡར་ངོས་མར་ངོས་ཀྱི་ཚོགས་མཆོད།   ཟླ་བ་བྱུང་ངོ་ཅོག་གི་བཅོ་ལྔ་དང་གནམ་གང་ལ་གསོ་སྦྱོང་།   ཚེས་བརྒྱད་གང་ཡོད་ལ་ཁྲུས་གསོལ་རབ་གནས་དང་བཅས་པ།   ལོ་རེ་བཞིན་སྤྱན་རས་གཟིགས་གྱི་སྒྲུབ་མཆོད་ས་ཆོག་དང་བཅས་པ།   ས་ག་ཟླ་བའི་ཉ་ལ་སྦྱིན་བསྲེག    བཅུ་དྲུག་ཉིན་རྡུལ་ཚོན་ཆུ་ལ་དོར་བ་རྣམས་སྔགས་སའི་ཕྱག་ལེན་ལྟར་དང་།   ཟླ་བ་བྱུང་ངོ་ཅོག་གི་ཉེར་དགུར་ཐུགས་རྗེ་ཆེན་པོ་འཇིགས་པ་བརྒྱད་སྐྱོབ་ཀྱི་གཏོར་བཟློག བཅོ་བརྒྱད་རྣམས་ལ་ཐུགས་རྗེ་ཆེན་པོའི་བདག་འཇུག   བཅོ་ལྔ་རྣམས་ལ་ལྟུང་བཤགས་ཆོ་ག   ལོ་རེ་བཞིན་ཟླ་དང་པོའི་སྨོན་ལམ་ཆེན་མོ་དང་།   དབྱར་གནས་།   དགའ་ལྡན་ལྔ་མཆོད་ཆེན་མོ།   དགུ་བའི་ཤྭ་འཁྱམས།   ཚེས་བཅུ་རྣམས་ལ་གཅོད་ཚོགས་སོགས་ཕྱག་ལེན་ཕྲ་ཞིང་ཞིབ་པ་ཞིག་བཙུགས་པ་ལགས་ཏེ་རྒྱས་པར་བཅའ་ཡིག་ན་གསལ་བས་འདིར་མ་བཀོད་ལ་།   དགོན་གཞི་ཚུགས་པ་ནས་ང་བརྒྱད་ལོའི་བར་གྲྭ་ཚང་གི་བཟའ་བཅའ་བཏུང་བ་ཟས་གོས་གནས་མལ་སོགས་ཚང་མ་གཞུང་གཅིག་བྱེད་པ་ལས་སྒེར་གྱིས་མར་རྒྱ་མ་ལྔའི་རིན་ཐང་གི་ཡན་འཛིན་མི་ཆོག་པ།   ཟས་དཀར་གསུམ་ཁོ་ན་བསྟེན་པ་ལས་དགོན་པའི་ཉེ་འཁོར་ཚུན་ལ་སྒོག་ཙོང་སོགས་ཚུལ་མིན་གྱི་བཟའ་བཏུང་ཁྱེར་མི་ཆོག་པའི་སྲོལ་བཟང་རྨད་དུ་བྱུང་བ་བཙུགས།           

སྤྱི་ལོ་༡༩༤༥ལོར་སྨྱུང་གནས་འབུམ་ཕྲག་གཅིག་པཎ་ཆེན་མཆོག་གི་བཀའ་གསུང་བཞིན་ལག་པར་གྲུབ་ནས་སྟོད་སྨད་ཀྱི་དད་ལྡན་འབུམ་ཕྲག་མང་བོར་ཐུགས་རྗེ་ཆེན་པོའི་དབང་ལུང་།   སྨྱུང་གནས་ཀྱི་ལུང་བཅས་གནང་སྟེ་ཆོས་སྟོན་རྒྱ་ཆེན་པོར་བྱས་ནས་འདིར་འཁོད་པའི་སྐྱེ་བོ་ཀུན་རིགས་ལྡན་དྲག་པོའི་འཁོར་དུ་སྐྱེ་ངེས་པའི་བདེན་གསུང་ཚིག་གི་སྒྲ་དབྱངས་བསྒྲགས།   དགོན་འདི་བྱ་ཉུང་དོན་ཉུང་ངང་བཀའ་གདམས་གོང་མའི་རྣར་ཐར་བཞིན་ལྟོ་སྐྱ་གོས་ཧྲུལ་ལ་བརྟེན་ནས་སྐུ་ཚེ་སྨྱུང་གནས་ཀྱིས་བསྐྱེལ་དགོས་པའི་ཞལ་གདམས་གནང་བ་ལྟར་གྲྭ་ཚང་ཡོངས་ཀྱིས་ཀྱང་ཉམས་ལེན་རྡོ་རུས་ལ་ཐུག་པའི་སྒོ་ནས་རྒྱུན་མ་ཆད་པར་གནང་དང་གནང་བཞིན་པའོ།།

བསླུ་མེད་འབྱུང་འགྱུར་ལུང་བསྟན་མངོན་དུ་གྱུར།།

ཐུགས་བསྐྱེད་མ་དྲོས་གཡུ་མཚོ་དགོང་དུ་བསྐྱོམས།།

སྐལ་ལྡན་ལས་བསོད་འདབ་དྲུག་མེ་ཏོག་བཞད།།

ཕྱི་ནང་མཐུན་རྐྱེན་འདོད་དགུ་ལྷུན་གྱིས་གྲུབ།།

བཀྲ་ཤིས་གཟའ་སྐར་ས་གཉིས་ནང་འཕྲད་ལ།།

བཀྲ་ཤིས་གསོ་སྦྱོང་ས་བརྟག་བསླང་སྦྱངས་དང་།།

བཀྲ་ཤིས་ཆོས་ཀྱི་དབྱངས་སྙན་ཆེར་བསྒྲགས་ཏེ།།

བཀྲ་ཤིས་དགེ་མཚན་འབུམ་དང་ལྡན་པར་བསྒྲུབས།།

གཙུག་ལག་ཁང་བཟང་མང་བོའི་བཟོ་བཀོད་ཀྱིས།།

སུམ་རྩེན་གཞལ་ཡས་ཁང་ཀྱང་དམན་སར་བཀོད།།

ཁྱད་འཕགས་སྐུ་གསུང་ཐུགས་ཀྱི་རྟེན་མང་བོས།།

དབུས་འགྱུར་འཆང་གི་ཕྱྭ་གཡང་གནས་འདིར་བསུས།།

ཕྲ་རགས་འདུལ་བའི་བཅས་ཁྲིམས་མ་ཚང་མེད།།

བཀའ་གདམས་གོང་མའི་ཕྱག་བཞེས་ཉམས་པ་མེད།།

ཤ་ཆང་སྒོག་ཙོང་སྤྱོད་པའི་ལས་ངན་མེད།།

གངས་རིའི་ལྗོངས་ཀྱི་སྒྲུབ་སྡེ་འགྲན་ཟླ་མེད།།

སྙིང་རྗེའི་ལྷ་གཅིག་འཕགས་པ་སྤྱན་རས་གཟིགས།།

སྙིང་གི་ཟེ་འབྲུར་སྨིན་པའི་སྡེ་ཆེན་པོའི།།

ངུར་སྨྲིག་གོས་ཀྱིས་མཛེས་པའི་ཀུན་སྤངས་དག །

རིགས་ལྡན་འཁོར་དུ་བསྐྱོད་པའི་ལས་འདི་བཟང་།།

ལྷིང་འཇགས་རི་ཀླུང་ཐེག་ཆེན་ཆོས་སྒྲས་དཀྲོགས།།

གཡུ་ལྗང་རྩ་ཐང་ཀུར་གུམ་གསར་བས་མཛེས།།

ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོམ་གསུམ་དར།།

སྐྱེས་ཆེན་དམ་པའི་མཛད་འཕྲིན་ཨེ་མ་ཧོ།།

ཞེས་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དོན་ལྡན་ཆོས་ཀྱི་དབྱངས་སྙན་ལ་འཕྲི་སྣོན་ཅུང་ཙམ་བྱས་པ་པད་མ་དཀར་བོའི་ཆུན་པོ་ལས་ཇི་ལྟར་ཕྱག་འདེབས་མཛད་ཚུལ་འཕྲིན་ལས་ཀྱི་ཆེ་བ་བརྗོད་པའི་སརྒ་སྟེ་གསུམ་པའོ།།

བཞི་བ་མཁས་གྲུབ་གང་དག་གིས་བསྐྱངས་ཚུལ་བསྟན་འཛིན་གྱི་ཆེ་བ་ནི།

   

གོང་དུ་མདོ་ཙམ་བརྗོད་ཟིན་པ་ལྟར་གནས་ཆེན་པད་མ་རི་མཐོ་འདིར་བགྲང་བྱ་བརྒྱ་ཕྲག་དུ་མའི་གོང་རོལ་ནས་སྐྱེས་ཆེན་དམ་པ་བསམ་གྱིས་མི་ཁྱབ་པ་མང་བོ་རིམ་པར་བྱོན་ཏེ་ཐོས་བསམ་སྒོམ་སྒྲུབ་གནང་ཞིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པའི་ཚུལ་སོགས་དད་ལྡན་དང་བ་འདྲེན་ཞིང་ཆོས་ཀྱི་ཆེ་བ་མཚོན་པའི་གཏམ་བརྗོད་མཐའ་བྲལ་བ་ཡོད་ཀྱང་སྔོན་དགེ་སློང་དོན་འགྲུབ་རིན་ཆེན་གྱི་དུས་དགོན་འདི་ནག་སྒར་གྱི་ཚུལ་དང་རྗེས་སུ་ཇེ་སང་དགེ་བཤེས་དགེ་ལེགས་བཟང་བོའི་སྐབས་སུ་དགོན་པ་འདིའི་མཚན་ལ་གཞན་ཕན་ཀུན་བདེ་གླིང་ཞེས་པ་དང་ད་ལྟ་ཤར་འོད་ཚུལ་རྣམ་དགོན་མི་འགྱུར་བདེ་ཆེན་གླིང་ཞེས་པའི་དགོན་པ་འདི་ལ་བཀའ་དྲིན་དང་ཐུགས་རྗེ་གཞན་ལས་ཁྱད་པར་དུ་འཕགས་པ་སྔོན་གྱི་བཀའ་གདམས་གོང་མའི་རྣམ་ཐར་ལྟར་འདོད་ཆུང་ཆོག་ཤེས་མང་ཐོས་ཞི་དུལ་གྱི་སྒོ་ནས་རིམ་གཉིས་བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་ལ་རྩེ་གཅིག་སྒོམ་སྒྲུབ་བྱེད་པའི་སྐྱེས་ཆེན་རྣམས་དང་ལུང་རྟོགས་བསྟན་པའི་ཉིན་བྱེད་གཞུང་ལུགས་རབ་འབྱམས་སྨྲ་བའི་བྱེད་པོ་དགེ་བའི་བཤེས་གཉེན་རྣམས་ཀྱི་མཚན་ཙམ་བརྗོད་ན།     ཐོག་མའི་ཆོས་སྒར་གྱི་རྨང་འདིང་བ་བོ་དགེ་སློང་དོན་འགྲུབ་རིན་ཆེན་དང་། ཇེ་སང་ཨ་རྒྱ་དགེ་སློང་། ཇེ་སང་ཟླ་བ་བླ་མ། ཨ་ལགས་རྨར་སྐམ་ཉི་མ་ཐག་སྟོད། ཨ་ལགས་དར་ཧྭན། ཇེ་སང་དགེ་བཤེས་དགེ་ལེགས་བཟང་བོ། སོག་པོའི་དགེ་བཤེས་སྣང་མཛད་རྡོ་རྗེ། མཁས་གྲུབ་ཆེན་པོ་ཤར་འོད་ཆོས་མཛད་གྲགས་པ་བཟང་བོ། ཡ་མགོའི་དགེ་བཤེས་བསྟན་པའི་ཉི་མ། ཤར་འོད་བླ་མ་ཚོགས་འཕེལ་རྒྱ་མཚོ། ཇེ་སང་དགེ་བཤེས་ཀྱི་ཡང་སྤྲུལ་ལུང་རྟོགས་བསྟན་པའི་ཉི་མ། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས། ཡ་མགོས་དགེ་བཤེས་ཀྱི་ཡང་སྤྲུལ་སྐལ་བཟང་ཐུབ་བསྟན་དབང་ཕྱུག   སྐུ་ནག་གྲུབ་ཆེན། མ་ཁྱེ་བསྟན་འཛིན་དར་རྒྱས། ཤིང་བཟའ་བློ་བཟང་མཁས་བཙུན་བཤད་སྒྲུབ་དམ་ཆོས་རྒྱ་མཚོ། མགོན་ཚང་ཨ་ལགས་སྐལ་བཟང་ལུང་རིགས་རྒྱ་མཚོ། ཇེ་སང་བློ་བཟང་བསྟན་པ་རྒྱ་མཚོ། གཉན་ཐོགས་གཅོད་པ་སྐལ་བཟང་ཐབས་མཁས་རྒྱ་མཚོ། གླིང་སྤྲུལ་བསྟན་འཛིན་རྒྱ་མཚོ། བྱ་བྲལ་ཆོས་དབྱིངས་རང་གྲོལ། བསྟན་འཛིན་ཡེ་ཤེས་ཐུབ་བསྟན། སྤྲུལ་འཇམ་དབྱངས་བློ་གྲོས། སྤྲུལ་འགྲོ་འདུལ་རྒྱ་མཚོ། སེར་ཤུལ་སྤྲུལ་སྐུ་དགེ་ལེགས་འཇམ་དཔལ་གྲགས་པ། སྐྱ་ཤུལ་མཁན་པོ། ནག་ཤུལ་བླ་མ། དགེ་ལེགས་འཇིགས་མེད་རྒྱ་མཚོ། བློ་བཟང་བསྟན་པ་རྒྱ་མཚོ། བློ་བཟང་བསྟན་པའི་ཉི་མ། ཚོགས་འཕེལ་རྒྱ་མཚོ། ཁ་དགེ་བཤེས་བློ་བཟང་སྦྱིན་པ། བརྩི་བཞག་ཚུལ་ཁྲིམས་དར་རྒྱས། ཤར་རྩེ་ཐུབ་བསྟན་བྱམས་པ། མཁན་པོ་ཐབས་མཁས་ཚང་། ཁྱེ་བོའི་གསུང་རབ་རྒྱ་མཚོ། ཨ་ཁུ་ན་མོ། འབེ་བླ་བྱང་ཆུབ་དཔལ་ལྡན། བློ་བཟང་བསྟན་པའི་རྒྱལ་མཚན། བློ་བཟང་ཐུབ་བསྟན་ཉི་མ། ཆུ་ནག་སྤྲུལ་སྐུ་ཚུལ་ཁྲིམས་བཟང་བོ། བརྩི་བཞག་བློ་བསྟན་ཚང་། བྱང་བླ་བྲང་གསེར་ཁྲིའི་ཡོངས་འཛིན་རྗེ་བསམ་གཏན་རྒྱ་མཚོ། བཤེས་གཉེན་ཆེན་པོ་བདེ་ལེགས་རབ་རྒྱས། མཆོག་སྤྲུལ་བསྟན་འཛིན་བཟང་བོ་སོགས་གནས་འདིར་བྱོན་དེ་དགོན་འདི་ལ་བཀའ་དྲིན་དང་ཐུགས་རྗེ་གཞལ་མཐའ་བྲལ་བས་སྤྱིར་སངས་རྒྱས་བསྟན་པའི་དཔུང་གཉེན་དང་ཡང་དགོས་སུ་ཤར་འོད་ཚུལ་རྣམ་དགོན་གྱི་བསྟན་པའི་རྩ་ལག་དམ་པར་གྱུར་བ་ལགས་སོ།།

ད་ལྟ་བྱིན་རླབས་འོད་དཀར་གྱི་གཟི་བྱིན་རྒྱས་ཤིང་འཆད་རྩོད་རྩོམ་གསུམ་གྱི་ཆོས་སྒྲ་སྙན་མོའི་གསུང་དབྱངས་སྒྲོག་པའི་དབེན་གནས་ཆོས་ཀྱི་གདན་ས་ཤར་འོད་ཚུལ་རྣམ་དགོན་མི་འགྱུར་བདེ་ཆེན་གླིང་འདི་གནས་གཅིག་ཏུ་གཞིས་ཆགས་པ་ནས་བཟུང་གདན་རབས་དང་མཁན་རབས་རྣམས་རིམ་བཞིན་དྲངས་ན། དགོན་བདག་གམ་གདན་རབས་དང་པོ་བཀའ་དྲིན་མཚུངས་མེད་རྗེ་ཚུལ་ཁྲིམས་རྣམ་རྒྱལ་དཔལ་བཟང་བོ་མཆོག་དང་། དེ་ནས་རྫོགས་ཆེན་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་ཉི་མ། འཕགས་པ་ཉེ་བར་འཁོར་ཀྱི་མཆེད་ཟླ་ཤར་འོད་མཁན་ཆེན་བློ་བཟང་ཤེས་རབ་མཆོག   ཀུན་སྤངས་རྣལ་འབྱོར་བ་རྗེ་ངག་དབང་འགྲོ་ཕན་རྒྱ་མཚོ་མཆོག   གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོ་རྗེ་བློ་བཟང་ཐབས་མཁས་རྒྱ་མཚོ་མཆོག    མཚན་ལྡན་བླ་མ་དམ་པ་རྗེ་བསྟན་པ་བཟང་བོ་མཆོག   དགེ་བའི་བཤེས་གཉེན་ཆེན་མོ་རྗེ་ངག་དབང་དངོས་གྲུབ་མཆོག    སྤྲུལ་འཇམ་དབྱངས་དོན་ཡོད་མཆོག་སོགས་རིམ་པར་བྱོན་ནས་ལྕགས་མོ་མགོ་ལོག་གི་ཡུལ་གྲུ་འདིར་དགེ་ལྡན་བསྟན་པའི་བ་དན་དཀར་བོ་མཁའ་རུ་བསྒྲེངས་པ་ལགས་སོ།།           

རྒྱལ་བའི་རྒྱལ་ཚབ་ཏུ་དབང་བསྐུར་བའི་མཁན་རབས་རྣམས་ཀྱི་མཚན་ཙམ་རིམ་བཞིན་བརྗོད་ན།   མཁན་རབས་དང་པོ་ཁུ་རིལ་དགེ་སློང་བློ་བཟང་རྒྱ་མཚོ།   དེ་ནས་མཁན་བ་ཡོལ་དགེ་སློང་ཐོགས་མེད།   མཁན་པོ་རྔ་དགེ་བློ་བཟང་བསྟན་དར།   མཁན་ཆེན་བློ་བཟང་ཤེས་རབ་མཆོག     མཁན་པོ་བློ་བཟང་འཇམ་དབྱངས་མཆོག     མཁན་བློ་གྲོས་རྒྱ་མཚོ།   མཁན་བསྟན་པ་བཟང་བོ་ཆེ་བ།     མཁན་སྦྱིན་པ་བཟང་བོ་མཆོག    མཁན་ཚུལ་ཁྲིམས་གྲགས་པ།    མཁན་བློ་བཟང་བསམ་གཏན་ཆུང་བ།   མཁན་བློ་བཟང་ཆོས་འགྲུབ།   ད་ལྟའི་ཚོགས་ཆེན་མཁན་པོ་གྲགས་པ་རྒྱལ་མཚན། ད་ལྟའི་ཆོས་རའི་བརྩི་བཞག་མཁན་པོ་ཐུབ་བསྟན་བདེ་ལེགས་སོགས་རིམ་བཞིན་བྱོན་ཏེ་ཆོས་འཆད་ཉན་ཐོས་བསམ་སྒོམ་གསུམ་སོགས་ཀྱི་ཆེད་དུ་ལྷག་བསམ་ཟོལ་མེད་ཀྱིས་ཞབས་འདེགས་བླ་མེད་མཛད་པས་བསྟན་པ་ལ་ཞབས་ཕྱི་དང་མ་འོངས་གཞོན་སྐྱེས་ཚོའི་མདུན་ལམ་ལ་འོད་སྟོང་ལྡན་ཞིང་ཡལ་མི་སྲིད་པའི་སྒྲོན་མེ་ཞིག་སྤར་བར་མཛད་པ་ལགས་སོ།།

བསྐྱེད་རྫོགས་ཟབ་མོའི་རྣལ་འབྱོར་ལ་མངའ་དབང་འབྱོར་བའི་རྡོ་རྗེ་སློབ་དཔོན་རིམ་བྱོན་གྱི་མཚན་ཙམ་སྨོས་ན།   འབེ་བླ་བྱང་ཆུབ་དཔལ་ལྡན།   གླིང་སྤྲུལ་བསྟན་འཛིན་རྒྱ་མཚོ།   བླ་མ་བློ་གྲོས་རྒྱ་མཚོ། མཆོག་སྤྲུལ་བློ་བཟང་ཐབས་མཁས་རྒྱ་མཚོ། བླ་མ་བསྟན་པ་བཟང་བོ་ཆེ་བ།    སློབ་དཔོན་ཀརྨ་དབང་ཕྱུག མཁན་ཚུལ་ཁྲིམས་གྲགས་པ། སློབ་དཔོན་ཚུལ་ཁྲིམས་བཟོད་པ།   ད་ལྟའི་རྡོ་རྗེ་སློབ་དཔོན་བློ་བཟང་བསམ་གཏན་ཆེ་བ་སོགས་ཀྱིས་ཀྱང་བཀའ་དྲིན་དང་ཐུགས་རྗེ་རབ་ཏུ་བསྐྱངས་ནས་བསྟན་པ་ལ་མཛད་རྗེས་མི་དམན་པ་བཞག་ཡོད།

གཞན་ཡང་ ༡༩༩༩ ལོར་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་ཤེས་རབ་མཆོག་གིས་དགེ་ལྡན་མདོ་སྔགས་དར་རྒྱས་གླིང་ཞེས་པའི་བཤད་གྲྭ་ལོགས་སུ་བཀར་ནས་ཐོས་བསམ་གླིང་བའི་བཅའ་ཡིག་དང་བདུན་པའི་རིག་སྒྲ་ཆེན་མོ།   དབྱར་ཆོས་ཀྱི་བརྩི་བཞག་ཆེན་མོ་སོགས་གྲྭ་ས་ཆེན་མོའི་ཕྱག་བཞེས་ལྟར་ཆོས་འཆད་ཉན་ལ་ཕྱག་ལས་རྒྱ་ཆེར་གནང་ཚུལ་འོག་ཏུ་ཁོང་གི་རྣམ་ཐར་མདོར་བསྡུས་དེར་གསལ་བས་འདིར་མ་བྲིས།   མདོར་ན་དུས་དེ་ནས་བཟུང་བཤད་གྲྭའི་མཁན་པོའམ་བརྩི་བཞག་མཁན་པོ་ཞེས་པའི་སྲོལ་བཟང་དར་བར་མ་ཟད། ཐོག་མའི་བརྩི་བཞག་མཁན་པོ་དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་ཤེས་རབ་མཆོག་དང་།   དེ་རྗེས་བརྩི་བཞག་མཁན་པོ་བློ་བཟང་བསམ་གཏན་ཆུང་བ།    དེ་རྗེས་བརྩི་བཞག་མཁན་པོ་བློ་བཟང་ཆོས་འགྲུབ།   དེ་རྗེས་བརྩི་བཞག་མཁན་པོ་གྲགས་པ་རྒྱལ་མཚན་སོགས་ཀྱི་ལྷད་མེད་པའི་ལྷག་བསམ་དཀར་བོའི་སྙིང་སྟོབས་ཀྱི་ནུས་ཤུགས་དང་གཞན་ཕན་གྱི་བྱམས་བརྩེ་སོགས་ལ་བརྟེན་ནས་ཀྱག་ཀྱོག་གི་ལམ་འཕྲང་མང་དུ་བརྒྱུད་ནས་སློབ་གཉེར་བ་ཞིག་ལ་ཆེས་མེད་དུ་མི་རུང་བའི་མཐུན་རྐྱེན་གང་ལེགས་ལེགས་ཤིག་བསྐྲུན་ནས་བསྟན་པ་ལ་ཞབས་ཕྱི་བླ་མེད་བསྒྲུབས་ཡོད།

དེ་དག་སོ་སོའིམཛད་རྣམ་བྲིས་ན་ཤིན་ཏུ་མང་བར་འགྱུར་ཞིང་མཚན་ཙམ་ལས་ལོ་རྒྱུས་རྩད་གཅོད་དཀའ་བའང་དུ་མ་ཞིག་ཡོད་པས་དགོན་པ་རང་གི་ཕྱི་རབས་ལོ་རྒྱུས་སྨྲ་བ་དག་གི་ལས་སྐལ་དུ་བཞག་ཡོད་དོ ། །   ༈ ཤར་འོད་ཚུལ་རྣམ་དགོན་མི་འགྱུར་བདེ་ཆེན་གླིང་འདི་ལ་ཐུན་མིན་གྱི་འབྲེལ་བ་ཡོད་པའི་དགོན་སྡེ་རྣམས་མཚོན་ཙམ་གླེང་ན། དབུས་གཙང་ཆོས་ཀྱི་ཞིང་ཁམས་ནས་གཙང་བཀྲ་ཤིས་ལྷུན་པོའི་དགོན་དང་། མདོ་སྨད་རིག་པའི་ཞིང་ནས་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་གླིང་དང་ལུང་དཀར་དགོན་དགའ་ལྡན་ཆོས་འཕེལ་གླིང་། སྔགས་ས་དགོན་དགེ་འཕེལ་བྱང་ཆུབ་གླིང་། ཆོས་སྡེ་ཆེན་མོ་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་། སྙན་མོ་དགོན་དགེ་ལྡན་རྣམ་རྒྱལ་གླིང་སོགས་ལ་སྔོན་ངེས་དོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་སྐབས་ནས་བཟུང་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། དབང་བཀའ་ཆོས་དང་མན་ངག་བདུད་རྩིའི་གྲུ་ཆར་འབྱུང་བའི་གཞི་རྩ་དང་། འདོན་རྟ་དབྱངས། བཅའ་འབུད་རྡུང་གསུམ།   ཐིག་རྡུལ་ཚོན་སོགས་བརྒྱུད་ལྡན་བླ་མ་དམ་པའི་ཕྱག་ལེན་ངོས་གཙང་དར་ཞིང་། བྱིན་རླབས་འོད་དཀར་གྱི་གཟི་བྱིན་རྒྱས་པའི་རྩ་བ་ལྟ་བུ་ལགས་ན། ཆོས་སྡེ་འདི་རྣམས་ནི་དགོན་པ་འདི་ལ་བཀའ་དྲིན་གཞན་ལས་ཁྱད་པར་དུ་ཆེའོ།།   དེ་མིན་ཤར་འོད་དགོན་འདིའི་བུ་དགོན་ལའང་ཧྭ་སྐོར་དགོན་དགེ་ལྡན་ཆོས་འཕེལ་གླིང་དང་། ལྷ་རི་བཀྲ་ཤིས་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་། བཙུན་དགོན་ཨེ་ཝཾ་ཉི་འོད་འཁྱིལ་བའི་གླིང་སོགས་ཡོད་དོ།།

༈ ད་ལྟ་རྩ་བ་སྨིན་ཞིང་རྩེ་མོ་རྒྱས་པའི་ཆོས་སྡེ་འདི་དག་ལ་ཤར་འོད་ཚུལ་རྣམ་དགོན་པའི་མཁན་བླ་སྤྲུལ་སོགས་ཀྱིས་གཞན་ཕན་ལྷག་བསམ་དཀར་བོ་ཐུགས་ལ་ཉར་ནས་སྤྱིར་སངས་རྒྱས་བསྟན་པའི་འཕེལ་འགྲིབ་དང་། སྒོས་དཔལ་ལྡན་བླ་མ་རྣམས་ཀྱི་བཞེད་དོན་དང་མཛད་འཕྲིན་ལ་ཞབས་འདེགས་དང་མ་འོངས་བསྟན་པའི་རྩ་ལག་ལ་གསོན་ཤུགས་རྒྱས་ཕྱིར་དུ་དཀའ་བ་ཁྱད་བསད་དང་། ངལ་བ་དང་བླངས་བྱས་ཏེ་བསྟན་འགྲོ་ལ་ཞབས་ཕྱི་སྒྲུབ་ཚུལ་མདོར་བསྡུས་ཙམ་བརྗོད་ན། ཧྭ་སྐོར་དགོན་ཐོག་མར་ནག་སྒར་གྱི་ཚུལ་དུ་གཞི་འཛུགས་པ་པོ་ནི་ཤར་འོད་བླ་མ་ཨ་ལགས་རྗེ་ཚུལ་ཁྲིམས་རྣམ་རྒྱལ་མཆོག་གི་ཐུགས་སྲས་རྣམ་བཞིའི་ནང་ཚན་དངོས་ཀྱི་སློབ་བུ་སྐྱབས་མགོན་ཆུ་ནག་ཚང་ཚུལ་ཁྲིམས་བཟང་བོ་མཆོག་ཁོང་གིས་ཕྱག་འདེབས་མཛད་ནས་དུས་ཡུན་རིང་བོ་མ་ལོན་པ་ན་ཀུན་སྤངས་རྣལ་འབྱོར་བ་ཆེན་པོ་མཆོག་སྤྲུལ་ངག་དབང་འགྲོ་ཕན་རྒྱ་མཚོའི་ཐུགས་བཞེད་ལྟར། ཤར་འོད་དགོན་གྱི་བསྟན་པའི་མངའ་བདག་ཆེན་པོ་རྗེ་བློ་བཟང་ཐབས་མཁས་རྒྱ་མཚོ་མཆོག་གནས་དེར་དངོས་སུ་བྱོན་ནས་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་དུས་བཟང་དང་འབྲེལ་ཏེ་དབང་བཀའ་ཆོས་མན་ངག་གི་བདུད་རྩིའི་ཆར་རྒྱུན་བསྩལ་བ་དང་། ཧྭ་སྐོར་དགོན་པའི་འདུ་ཁང་དང་གྲྭ་ཁང་སོགས་གསར་བཞེངས་ལྟ་གོན་གྱི་རིམ་པ་དང་ས་ཐིག་གདབ་པ་བཀྲ་ཤིས་པའི་གསོ་སྦྱོང་སོགས་བྱས་པར་མ་ཟད། ཚུལ་རྣམ་དགོན་པའི་མཁན་ཚུལ་ཁྲིམས་གྲགས་པ་དང་། དབུ་མཛད་ཚུལ་བསྟན་ལྷ་དབང་སོགས་ཀྱིས་འདོན་རྟ་དབྱངས་འདུལ་བ་གཞི་གསུམ་གྱི་ཕྱག་ལེན་སོགས་གསར་དུ་བཙུགས་ནས་བཟུང་སྟེ། གནས་དེ་འབྲེལ་གྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ལ་བླ་མེད་ཀྱི་མཛད་རྗེས་མི་དམན་པ་བཞག་ཡོད།

༈ གཞན་ཡང་ངེས་པ་དོན་གྱི་རྣལ་འབྱོར་བ་ཆེན་པོ་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱི་ཡང་སྤྲུལ་སྐྱབས་གཅིག་བླ་མ་དམ་པ་བྱ་བྲལ་ཆོས་དབྱིངས་རང་གྲོལ་མཆོག་གིས་ལྷ་རི་བཀྲ་ཤིས་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་ཕྱག་བཏབ་མཛད་པ་ནས་རྗེ་བླ་མ་ཁོང་གི་ཐུགས་བཞེད་ལྟར་ཤར་འོད་དགོན་གྱི་མཁན་བླ་སྤྲུལ་དགེ་བའི་བཤེས་གཉེན་སོགས་རིམ་བཞིན་བྱོན་ཚུལ་དང་། བྱོན་ནས་བསྟན་པ་ལ་མཛད་རྗེས་དང་ཞབས་ཕྱི་སྒྲུབ་ཚུལ་སོགས་རེ་རེ་ནས་བྲིས་ན་ཡིག་ཚོགས་མང་བར་འགྱུར་བས་འདིར་དེར་བྱོན་གྱི་སྐྱེས་ཆེན་རྣམས་པའི་མཚན་ཙམ་སྨོས་ཏེ་ལོ་རྒྱུས་མདོར་བསྡུས་རེ་བརྗོད་ན། ཤར་འོད་ཚུལ་རྣམ་དགོན་གྱི་བསྟན་པའི་བདག་པོ་རྗེ་བླ་མ་བསྟན་པ་བཟང་བོ་མཆོག་དང་། དགེ་བའི་བཤེས་གཉེན་ཆེན་པོ་རྗེ་ངག་དབང་དངོས་གྲུབ་ལགས་དང་། དགེ་བའི་བཤེས་གཉེན་ཆེན་མོ་རྗེ་བློ་བཟང་ཤེས་རབ་མཆོག་དང་། མཁན་སྦྱིན་པ་རྒྱ་མཚོ། མཁན་གྲགས་པ་འོད་ཟེར། མཁན་ཐུབ་བསྟན་ཤེས་རབ།   མཁན་ཐུབ་བསྟན་གཞན་ཕན།   རྒན་བློ་བཟང་རྒྱ་མཚོ་རྣམས་ཀྱི་གཙོས་། གཞན་ཡང་ཤར་འོད་མཁན་པོ་བློ་བཟང་ཆོས་འགྲུབ་དང་། སྤྱོད་འཇུག་མཁན་པོ་གྲགས་པ་རྒྱལ་མཚན། རྡོ་རྗེ་སློབ་དཔོན་ཚུལ་ཁྲིམས་བཟོད་པ་དང་། རྡོ་རྗེ་སློབ་དཔོན་བློ་བཟང་བསམ་གཏན་ཆེ་བ་སོགས་བྱོན་ནས་དབང་བཀའ་ཆོས་དང་། འདུལ་བ་གཞི་གསུམ་གྱི་ཕྱག་ལེན།   འདོན་རྟ་དབྱངས།   བཅའ་འབུད་རྡུང་གསུམ། ཐིག་རྡུལ་མཚོན། འཆད་རྩོད་རྩོམ་གསུམ་སོགས་བརྒྱུད་ལྡན་བླ་མའི་མན་ངག་དང་མཐོང་བ་བརྒྱུད་པའི་ཕྱག་ལེན་མ་ནོར་བ།   དམ་ཆོས་འདུལ་བའི་ལག་ལེན་དང་མཐུན་པར་སྤྱིར་སངས་རྒྱས་བསྟན་པའི་གཞི་རྩ། དགོས་སུ་ཞྭ་སེར་དགེ་ལྡན་བསྟན་པའི་མཛེས་རྒྱན་དུ་དམིགས་ཏེ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་གསོས་སྨན་དུ་ནུབ་མི་སྲིད་པའི་རྒྱལ་མཚན་དང་ཡལ་མི་སྲིད་པའི་རྡོ་རིང་ལྟ་བུ་ཞིག་ལེགས་འགྲུབ་བྱུང་བ་དེ་ཡང་དཔལ་ལྡན་བླ་མ་དམ་པ་དག་ཐུགས་དགྱེས་པའི་མཆོད་སྤྲིན་དང་། དད་ལྡན་གདུལ་བྱའི་སྨོན་ལམ་དུས་སུ་སྨིན་ཏེ་ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་འབྱུང་བའི་ཞིང་ས་དམ་པའོ།།

༈ བཙུན་དགོན་ཨེ་ཝཾ་ཉི་འཁྱིལ་གླིང་ནི་མཚན་ལྡན་བླ་མ་དམ་པ་རྗེ་བསྟན་པ་བཟང་བོ་མཆོག་གིས་ཕྱག་བཏབ་མཛད་དེ་ཁོང་གིས་དབང་ལུང་བཀའ་ཆོས་མན་ངག་གི་གདམས་པ་ཅི་དགར་བར་མེད་དུ་བསྩལ་ནས་ཐུགས་རྗེས་བསྐྱངས་པར་མ་ཟད། ཁོང་གི་ཐུགས་བཞེད་ལྟར་རྒན་བློ་བཟང་བསྟན་འཛིན་དང་། བླ་མ་བློ་བཟང་བསམ་འཕེལ་མཆོག་རྣམ་གཉིས་རིམ་པར་བྱོན་ཏེ་འདོན་དབྱངས་རྟ་དང་ཐིག་རྡུལ་མཚོན། བཅའ་འབུད་ཕྱག་ལེན་སོགས་ངོས་གཙང་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བདུན་སྒྲུབ་ཚད་ལྡན་གསར་འཛུགས་གནང་ཞིང་། འཆད་ཉན་དང་ཚོགས་དུས་མཆོད་མཚམས་བསྙེན་སྒྲུབ་སོགས་ལ་གཞོལ་ནས། བསྟན་པ་དང་འགྲོ་བ་ལ་མཛད་རྗེས་བླ་མེད་འཇོག་བཞིན་པའི་སྐབས་ལགས།

༈ ཐེག་ཆེན་དགེ་བསྙེན་གླིང་འདི་ལ་ཡང་མཚན་ལྡན་བླ་མ་དམ་པ་རྗེ་བསྟན་པ་བཟང་བོ་མཆོག་གིས་དབང་བཀའ་ཆོས་ཀྱི་གདམས་པ་ཅི་འདོད་དུ་བསྩལ་ཏེ་ཐུགས་རྗེས་བསྐྱངས་པར་མ་ཟད། ཞག་བརྒྱའི་བླ་མ་སྐུ་ཚ་རྒན་ཀུན་དགའ་སངས་རྒྱས་ལགས་དང་། རྒན་ཐང་པོ་རྣམ་གཉིས་ཀྱི་གཙོས་ཤར་འོད་དགོན་པའི་མཁན་བླ་སྤྲུལ་དག་གིས་ཀྱང་ལམ་རིམ་དང་སྤྱོད་འཇུག་སྔོན་འགྲོ་སོགས་ཀྱི་གཙོའི་ནང་ཆོས་ངོ་སྤྲོད་དང་། ལོ་རེ་བཞིན་ཞག་བརྒྱ་འཚོགས་པ་དང་། སྒྲོལ་མའི་ཆོས་འཚོགས་དང་འབུམ་ལྔའི་ཆོས་འཚོགས་སོགས་བསྒྲུབས་ཏེ། བསྟན་པ་དང་འགྲོ་བ་ལ་ཕྱག་རྗེས་མི་དམན་པ་འཇོག་བཞིན་པའི་སྐབས་ལགས་སོ།།

འདིར་ཤར་འོད་དགོན་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་མཁས་དབང་གསུམ་སྟེ།   སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་དུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་སྲོག་ཤིང་ལྟ་བུར་གྱུར་བའི་སོག་པོའི་དགེ་བཤེས་སྣང་མཛད་རྡོ་རྗེ་དང་།   གྲུབ་པའི་དབང་ཕྱུག་ཆོས་མཛད་གྲགས་པ་བཟང་བོ།   ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་གསུམ་དང་།   ད་ལྟ་བཞུགས་བཞིན་པའི་མཁན་བླ་སྤྲུལ་དགེ་བཤེས་རེ་འགའི་རྣར་ཐར་མདོ་ཙམ་གླེང་བ་ལ།

སོག་པོའི་དགེ་བཤེས་སྣང་མཛད་རྡོ་རྗེ་འཁྲུངས་ཡུལ་ནི་སྨད་སོག་ཡིན།   ཆུང་ངུའི་དུས་སུ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་ཤེས་རབ་རྒྱ་མཚོའི་དངོས་སློབ་ཏུ་གྱུར།    ཕྱིས་དཔལ་ལྡན་འབྲས་སྤུངས་ཀྱི་གྲྭ་སར་འགྲིམས།   རྒྱུད་རྒྱ་གཞུང་རིག་གནས་དང་བཅས་པར་སྦྱངས་པའི་ཕ་རོལ་ཏུ་སོན་རྗེས་ལྷ་དང་བླ་མའི་ལུང་བསྟན་ལྟར།   མགོ་ལོག་ས་ཆའི་གནས་ཆེན་པདྨ་རི་མཐོའི་ཉེ་འདབས་སྟབས་མདའ་ཞེས་པའི་སར་ཕེབས་ནས་ཚེ་དང་སྒྲུབ་པ་སྙོམས་པར་མཛད།   དམ་པ་འདིའི་མདུན་ནས་དབང་ལུང་དཔེ་ཁྲིད་ཐོབ་མྱོང་བའི་སློབ་བུ་ཀྱང་མདོ་དབུས་གཉིས་ཀར་ཁྱབ་ཡོད།   ཁོང་ལ་གསུང་འབུམ་པོ་ཏི་བཅུ་ཕྲག་བཞུགས་པ་བ་ཡོལ་རྒད་པོ་རྒྱ་ཆོས་ཟེར་བའི་སྦྱིན་བདག་ཅིག་ཡོད་པ་དེས་ཡོན་སྦྱར་ཞིང་འགན་ཁུར་བླངས་ཏེ།   ཤིང་དཔར་དུ་བཀོད་པ་སྔོན་ཨ་མཆོག་མཚན་ཉིད་དགོན་པ་དང་།   རྔ་བའི་བསུ་བ་དགོན་གཉིས་ཀར་བགོས་ཏེ་ཉར་ཚགས་བྱས་ཡོད་པར་བཤད།   སོག་པོ་དགེ་བཤེས་རིན་པོ་ཆེ་འདིའི་མཚན་ལ་ཕལ་ཆེ་བས་སོག་པོ་དགེ་བཤེས་ཞེས་འབོད་ལ།   བླ་བྲང་ཕྱོགས་ནས་མཚོ་སྔོན་ཚང་ཡང་ཟེར།   དགེ་བཤེས་རིན་པོ་ཆེས་རྗེ་ཚུལ་རྣམ་ཚང་གི་མ་ཡུམ་ལ།   ཁྱོད་ཀྱིས་བདག་གི་འདྲ་སྐུའི་ཐང་ག་ཞིག་གསར་བཞེངས་བྱས་ན་རྟེན་འབྲེལ་གྱི་དགོས་པ་ཁྱད་པར་ཅན་ཞིག་ཡོད་ཅེས་གསུངས།   རྗེས་སུ་གཙང་སྐོར་གྲུབ་ཆེན་རིན་པོ་ཆེའི་གསུངས་ཚུལ་དང་།   རྗེ་ཚུལ་རྣམ་རིན་པོ་ཆེའི་ངོ་མཚར་བའི་མཛད་སྤྱོད་དང་ལོ་ཚིགས་ཚང་མ་གུང་བསྒྲིགས་ན།   སྨད་སོག་དགེ་བཤེས་སྣང་མཛད་རྡོ་རྗེའི་ཡང་སྲིད་ནི་རྗེ་ཚུལ་རྣམ་རིན་པོ་ཆེ་ཡིན་ཞིང་།   སྐུ་ཚེ་འདིར་སྔོན་གྱི་མཛད་རྣམ་གྱི་འཕྲོ་བསྐྱངས་པར་འདོད་དོ།།

༈ ཁོང་དང་ཕལ་ཆེར་དུས་མཉམ་པར་བྱོན་པ་ནི།   ཇི་སྐད་དུ།   རྗེ་འཇམ་དཔལ་རོལ་བའི་བློ་གྲོས་ཀྱི་ཞལ་ནས།   འཆད་རྩོད་རྩོམ་པས་འགྲོ་ཀུན་ཐར་ལམ་དུ།།   དྲངས་ཤིང་ཁྱད་པར་རྣལ་འབྱོར་གསང་མཐའ་ཡི།།   རྒྱུད་དོན་ཡོངས་རྫོགས་གསལ་བོར་བསྟན་པ་ནི།།   དམ་པ་འདི་ཡི་རྣམ་པར་ཐར་བའི་སྡོམ།།   འཁོར་ལོ་སྡོམ་པས་དངོས་སུ་དབང་བསྐུར་ཞིང་།།   མཁའ་སྤྱོད་དབང་མོས་བརྩེ་བའི་གྲོགས་མཛད་ནས།།   བདེ་བ་ཆེན་པོའི་ཡེ་ཤེས་མངོན་གྱུར་བ།།   དམ་པ་འདི་ཡི་རྟོགས་པའི་རང་བཞིན་ཡིན།།   རང་བཞིན་རྡུལ་ཙམ་མེད་པ་མངོན་གྱུར་ཅིང་།།   ཕྲ་ཞིང་ཕྲ་བའི་བཅས་མཚམས་ལེགས་བསྲུངས་པས།།   བསྟན་འགྲོར་ཕན་པ་འབའ་ཞིག་ལྷུར་ལེན་པ།།   དམ་པ་འདི་ཡི་སྤྱོད་པའི་ཁྱད་པར་ལགས།།   ཞེས་གསུངས་པ་ལྟར་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱིས་མཁས་པའི་རྒྱལ་ཐབས་ཟིན་པའི་ཤར་འོད་ཆོས་མཛད་གྲགས་པ་བཟང་བོ་མཆོག་ལགས་ཏེ།   ཁོང་ནི་བཅོམ་ལྡན་འདས་རྡོ་རྗེ་ཕག་མོས་དངོས་སུ་བྱིན་གྱིས་བརླབས་པའི་གནས་ཆེན་པད་མ་རི་མཐོའི་ལྷ་ཞོལ་དུ། ཡ་རབས་ཀྱི་སྤྱོད་པ་དང་།   རྣམ་དཀར་གྱི་ཕྱོགས་ལ་དད་པ་བརྟན་པོ་དང་ལྡན་པ།   ཡབ་རྟ་འགྲིན་དང་ཡུམ་གེ་ཇོ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་བའི་ཆུ་མོ་ཡོས་ཀྱི་ལོ་སྟེ།   སྤྱི་ལོ་༡༨༤༣ལོར་སྐུ་བལྟམས།   ཆུང་ངུའི་དུས་ནས་བྱིས་པའི་ངང་ཚུལ་ལས་འདས་ཤིང་།   ཡ་རབས་ཀྱི་སྤྱོད་ཚུལ་རྨད་དུ་བྱུང་བ་ཞིག་ཏུ་གྲགས་སོ།།

ཏོ་ལ་ཧེ་ཨ་ཇོ་ཞེས་བྱ་བ་ལས་ཡི་གེ་བསླབས་པས་གཟབ་གཤར་ཐམས་ཅད་ཚེགས་མེད་པར་མཁྱེན་།   ཇེ་སང་ལྷ་རམས་པ་ཆེན་པོ་དགེ་བཤེས་དགེ་ལེགས་བཟང་བོའི་དྲུང་ནས་རབ་བྱུང་དགེ་ཚུལ་དཀྱུས་གཅིག་ཏུ་སྒྲུབ་པར་མཛད་དེ་མཚན་ལ་གྲགས་པ་བཟང་བོ་ཞེས་གསོལ།   དགུང་ལོ་བཅུ་གཅིག་པའི་དུས་སུ་ཆོས་གྲྭ་ཆེན་པོ་རྭ་རྒྱ་དགའ་ལྡན་བཀྲ་ཤིས་འབྱུང་གནས་ཀྱི་མཚན་ཉིད་གྲྭ་ཚང་དུ་ཞུགས་ཏེ།   ཡོངས་ཀྱི་བཤེས་གཉེན་ཆེན་པོ་གཡེར་གཤོང་དོན་ཡོད་དང་།   དགུ་རུ་ཆོས་མཛད་རིན་པོ་ཆེ་སོགས་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་དུ་མར་བསྟེན་ཏེ་རིགས་པའི་སྒོ་འབྱེད་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་ཚད་མ་དབུ་མ་སོགས་ཀྱི་གཞུང་ལུགས་ཆེན་མོ་རྣམས་རྩ་བའི་ཚིག་གི་འབྲུ་ནོན་པ།   སྤྱི་དོན་གྱི་ཁོག་འབུབ་པ།   རིགས་པའི་བདར་ཤ་ཆོད་པའི་མཐའ་དཔྱད་པ་སོགས་ལ་དཀའ་སྤྱད་སྙིང་རུས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསླབས་ཏེ།   ཡུན་རིང་མ་ཐོགས་པར་སྨྲ་བའི་དབང་ཕྱུག་ཆེན་པོར་གྱུར།

དགུང་ལོ་ཉི་ཤུ་བར་སྐྱབས་མགོན་ཤིང་བཟའ་ཐམས་ཅད་མཁྱེད་པ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་དཔལ་བཟང་བོའི་ཞལ་སྔར་བསྙེན་པར་རྫོགས།   སྐྱབས་རྗེ་དེ་ཉིད་ཀྱི་དྲུང་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཞུས་ཏེ་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་མ་དང་།   ཐུན་དྲུག་གི་རྣལ་འབྱོར་རྣམ་པ་ཀུན་ཏུ་ཆག་མེད་དུ་མཛད།   དགོན་དྲུང་དགེ་བཤེས་ངག་དབང་རབ་རྒྱས་ལས་སྙན་ངག་གི་སྐོར་དང་།   དགའ་ལྡན་ཕྱག་རྒྱ་ཆེན་པོའི་ཁྲིད་ཞིབ་རྒྱས་དང་།   འཇིགས་བྱེད་འཕྲུལ་འཁོར་གྱི་ལག་ལེན་མཐའ་ཆོད་པ་གསན།   ཡང་མཁས་པའི་དབང་བོ་ནག་ཚང་དགེ་འདུན་བསྟན་འཛིན་དཔལ་བཟང་བོའི་དྲུང་ནས་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་གནད་བསྡུས་པ།   ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་ལམ་སྲོལ།   རྣམ་པ་ཐམས་ཅད་མཁྱེན་པའི་སར་བགྲོད་པའི་སྐྱེ་བོ་མཆོག་གི་ཆོས་ལུགས།   སྐྱེས་བུ་གསུམ་གྱིས་ཉམས་སུ་ལེན་པའི་རིམ་པ་ཐམས་ཅད་མ་ཚང་བ་མེད་པར་བསྡུས་ནས་སྟོན་པའི་འཇམ་མགོན་བླ་མའི་རྨད་དུ་བྱུང་བའི་ལེགས་བཤད་ཆེན་པོ་གཉིས་ཀྱི་ཟབ་ཁྲིད་སྨིན་རྒྱས་སུ་གསན་པར་མཛད་ཅིང་།   དེ་ནས་བཟུང་ལམ་རིམ་གྱི་ཤར་སྒོམ་ཆག་མེད་གནང་བ་ཡིན་འདུག་པས་འཇམ་མགོན་རྒྱལ་བ་གཉིས་པའི་བསྟན་འཛིན་གྱི་སྐྱེས་བུ་མིང་དོན་མཚུངས་པ་འདི་འདྲ་བ་ལ་ཟེར་བ་ཀུན་གྱིས་ཤེས་དགོས་སོ་ཞེས་རྣམ་ཐར་བློ་གསལ་སྙིང་གི་དགའ་སྟོན་གྲུབ་གཉིས་དཔག་བསམ་ལྗོན་པར་གསུངས་སོ།།

གྲུབ་པའི་དབང་ཕྱུག་ཆེན་པོ་བརྩི་བཞག་རྡོ་རྗེ་འཆང་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་བོའི་ཞལ་སྔར་རྒྱུད་སྡེ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་སྨིན་གྲོལ་གྱི་གདམས་པ་མཐའ་ཡས་པ་དང་།   སྔ་འགྱུར་ཕྱོགས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་དབང་ཁྲིད་ལུང་གསུམ་གྱི་སྐོར་སོགས་གསར་རྙིང་སྤྱི་དང་།   འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྨིན་གྲོལ་གྱི་སྐོར་མཐའ་ཆོད་པར་ཞུས་ཤིང་།   ཁྱད་པར་དྲིལ་བུ་ལུས་དཀྱིལ་གྱི་དབང་ཐོབ་པ་ནས་བཟུང་སྟེ་ལྕང་སྐྱ་རྡོ་རྗེ་འཆང་ངག་དབང་བློ་བཟང་ཆོས་ལྡན་དཔལ་བཟང་བོའི་སྒྲུབ་ཐབས་རྒྱས་པའི་སྟེང་ནས་ཉམས་བཞེས་ཆག་མེད་དུ་མཛད་ནས་གྲུབ་པའི་དབང་ཕྱུག་གི་གོ་འཕང་མཐོན་པོར་གཤེགས་སོ།།   ཕར་ཕྱིན་རྩོད་པ་མཐར་ཕྱིན་ཏེ་དབུ་མའི་སྙིང་རྗེ་རྩོད་སྐབས་སུ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་བསྙེན་ཆེན་སྔོན་འགྲོ་དང་བཅས་དངོས་གཞི་དམ་པ་གོང་མའི་ཕྱག་བཞེས་བཞིན་དུ་ཡོངས་སུ་རྫོགས་པར་མཛད་སྐབས་ཐོ་རེངས་ནམ་ཚོད་ལ་ལྟ་ཕྱིར་ཕྱི་རོལ་གྱི་ནམ་མཁའ་གཟིགས་ཚེ།   ནམ་མཁའ་ཤིན་དུ་དྭངས་པར་རྗེ་བཙུན་མ་འཕགས་མ་སྒྲོལ་མས་དངོས་སུ་ཞལ་གཟིགས།

བརྩི་བཞག་གྲུབ་ཆེན་རིན་པོ་ཆེས་ནཱ་རོ་མཁའ་སྤྱོད་ཀྱི་སྒོ་ནས་བསྟན་འགྲོའི་དོན་མཛད་དགོས་ཚུལ་དང་།   བདེ་མཆོག་ཡབ་ཡུམ་གྱི་བཀའ་སྲུང་དཔལ་མགོན་ཞལ་བཞི་བ་འདི་མགོན་ཆོས་གཉིས་དང་ཁྱད་མེད་དུ་བསྟེན་གསོལ་དགོས་ཚུལ་གསུངས་པས།   དཔལ་མགོན་ཞལ་བཞི་བའི་གཏོར་ཆོག་ལྗགས་སྒྲིག་གནང་ཚེ་མ་བསྒྲིག་རང་འགྲིག་གི་རྟེན་འབྲེལ་མང་བོ་མ་བུ་ངོ་འཕྲོད་བཞིན་དུ་བྱུང་།   རྗེ་ཉིད་ཀྱི་ཞལ་ནས་།   རུ་མང་སོག་རུ་མའི་གྲྭ་ཚང་གི་ལྔ་མཆོད་སྐབས་བདེ་མཆོག་གི་ཆོ་ག་འདོན་རྒྱུ་ཡོད་པ་འདི་ང་རང་གིས་བྱས་པ་ཡིན་ཞིང་།   རང་གི་རང་ཚོད་ལ་ལྟོས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་ཞིག་ཡིན་སྙམ།   འདི་ན་པོ་ཏི་གཉིས་གསུམ་ཞིག་བརྩམས་ཁུལ་བྱས་པ་ཡང་དམ་པ་གོང་མའི་གསུང་ལ་འཐོར་བ་བསྡུ་བའི་ཚུལ་དང་།ཧ་ཅང་རྒྱ་ཆེ་བ་གནད་བསྡུ་བའི་ཚུལ་དང་།   མི་གསལ་བ་གསལ་བོར་བྱེད་པའི་ཚུལ་དང།   གོ་རིམ་མ་ངེས་པ་འཁྲུགས་པ་སྡེབ་པའི་ཚུལ་གྱིས་བསམ་བཟང་གི་སྒོ་ནས་འབད་རྩོལ་བྱས་པ་ལས་གཞན་ལ་ཟུར་ཟ་གཏོང་བ་དང་།   མཁས་པ་གཞན་གྱི་གཞུང་ལ་དོན་རྐུ་ཚིག་གཡར་བྱས་ཏེ།   ཁྱད་ཆོས་ངོམ་ཁུལ་གྱིས་རང་བཟོ་ཧམ་རྒྱུག་བྱས་པ་ཆེར་མེད་སྙམ་ཡང་གསུང་རབ་ཀྱི་དགོངས་དོན་ཟེར་བ་འདི་ཟབ་ཅིང་ཕྲ་ལ་རྟོགས་དཀའ་བས་མགོ་འཕང་མཐོན་པོར་བཟུང་སྟེ་ཐག་གཅོད་རྒྱུ་ཡང་དཀའ་བར་འདུག   ཁྱད་པར་ནཱ་རོ་མཁའ་སྤྱོད་ཀྱི་སྐོར་འདི་རྣམས་གྲུབ་ཆེན་བཀའ་དྲིན་ཅན་ནས་གསུང་ནན་ཆེ་བར་ཡོད་པས་ཅུང་ཟད་རེ་ཨེ་དར་གྱི་རེ་ལྟོས་འཆའ་ཞིང་།   རྣལ་འབྱོར་མའི་སྐོར་གྱི་སྒྲིག་རྩོམ་ཐམས་ཅད་ཀྱི་ཐོག་མར་རུ་མང་དཔོན་མོ་རོང་བཟའ་མས་གོས་དར་དམར་བོ་ཞིག་ཕུལ་ནས་སྨིན་གྲོལ་གྱིས་བསྐུལ་མ་མཛད་ཅིང་།   དཔོན་མོའི་མཚན་ལ་མཁའ་སྤྱོད་ཟེར་བས་མཁའ་སྤྱོད་མས་མཁའ་སྤྱོད་མ་བསྐུལ་བ་ལྟ་བུར་སོང་།   ཞེས་དང་།   ངའི་རྩོམ་གྱིས་གཞན་ཕན་བྱེད་པར་འདོད་ན།   རྟེན་འབྲེལ་བསྟོད་པ་དང་ལེགས་བཤད་སྙིང་བོའི་དོགས་གཅོད་ལྟ་བུ་མཁས་ཆེན་ཞིག་ལ་སྟོན་རྒྱུ་དང་།   དུས་འཁོར་གྱི་སེམས་དཔའ་སེམས་མ་དགོད་པའི་ཚུལ་ལ་དཔྱད་པ་དང་།   མི་ཕམ་བརྒལ་ལན་ལྟ་བུ་རིགས་ལམ་མཁས་པ་ཞིག་སྟེ་རྩོད་པ་ཤེས་མཁན་ཞིག་ལ་སྟོན་རྒྱུ།   རྗེའི་རྣམ་ཐར་བསྟོད་པ་དང་།   འཇིགས་བྱེད་བསྟོད་པ་ལྟ་བུ་སྙན་ངག་ཤེས་མཁན་ཞིག་ལ་སྟོན་རྒྱུ།   ཡན་ལག་བདུན་པའི་ཁྲིད་ཡིག་དང་འཇིགས་བྱེད་བསྙེན་ཡིག་རྟ་མགྲིན་གྱི་བསྐང་བཟློག་ལྟ་བུ་བློ་ཁ་ནང་དུ་ཕྱོགས་མཁན་ཞིག་ལ་སྟོན་རྒྱུ།   རྟ་མགྲིན་གྱི་བསྐང་བཟློག་ལྟ་བུ་འདོན་ཆ་ལ་དགའ་བ་ཞིག་ལ་སྟོན་རྒྱུ་ལྟ་བུ་ཡིན་པས་ཁྱེད་ཅག་གིས་གཞན་ལ་སྟོན་མོས་ཀྱང་སྟོན་ཡུལ་སོ་སོར་ངོས་མི་ཟིན་ཨང་གསུངས།

མདོར་ན་རྗེ་འདིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རྫོགས་ཀྱི་རྣམ་གཞག་གསལ་བར་བཤད་པ་གསང་ཆེན་ལྷུན་པོའི་མཛེས་རྒྱན་མཁའ་སྤྱོད་གཞལ་མེད་ཁང་དུ་བགྲོད་པའི་ནོར་བུའི་ཐེམ་སྐས་དང་།   རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོས་སྐོར།    རྣལ་འབྱོར་མའི་སྒྲུབ་ཐབས་གསང་ཆེན་ནོར་བུའི་བང་མཛོད་།   སྒྲུབ་ཐབས་ཆེན་མོའི་ཆ་ལག་སོགས།   རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ཆོ་ག་བདག་འཇུག   ཇ་མཆོད་འབུལ་བའི་རིམ་པ།   རྡོ་རྗེ་རྣལ་འབྱོར་མར་ཚོགས་མཆོད་འབུལ་ཚུལ་བདེ་ཆེན་གསལ་བའི་ཉི་མ།   ཤིས་བརྗོད་དཔལ་ཡོན་མྱུར་འགུགས་ཕོ་ཉ།   རྡོ་རྗེ་རྣལ་འབྱོར་མའི་བསྟོད་པ་བདེ་ཆེན་རླབས་ཕྲེང་།   ནཱ་རོ་མཁའ་སྤྱོད་ཀྱི་བསྟོད་པ་དག་ཞིང་གསལ་བའི་ཉི་མ།   རྡོ་རྗེ་རྣལ་འབྱོར་མའི་སྦྱིན་སྲེག་པད་མ་ར་གའི་ཕྲེང་བ།   སྣ་ཚོགས་ཕྱོགས་བསྡུས་།   དལ་འབྱོར་གྲུ་ཆེན་མའི་དོན་འགྲེལ་བདེ་ཆེན་མྱུ་གུ།   ཤམ་བྷ་ལའི་གནས་བཤད་ཀ་ལཱའི་ཐེམ་སྐས།   དགག་བྱ་ངོས་འཛིན་རྫུན་ཕུག་རྡིབ་པའི་གསང་གཏམ།   བསྐྱེད་རིམ་པའི་ལྷ་ལ་ང་རྒྱལ་འཇོག་བྱེད་མཐའ་དཔྱོད།   རྗེ་བཙུན་ཙོང་ཁ་བའི་བསྟོད་པ་བྱིན་རླབས་སྤྲིན་ཕུང་།   འཇིགས་བྱེད་བསྟོད་པ་བདུད་དཔུང་ཕྱེར་འཐག   མགོན་ཆོས་སྐོར་འགའ་ཞིག   ཆོས་སྐྱོང་འཁུ་ལྡོག་ཞི་བའི་མན་ངག     གཡང་འགུགས་དངོས་གྲུབ་ལྕགས་ཀྱུ་སོགས་གསུང་རྩོམ་ངོ་མཚར་བ་དུ་མ་ཞིག་མཛད་པ་ལས།   གདམས་པའི་གཙོ་བོ་ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་སམ་མཚན་གཞན་ཀུན་བཟང་ཆོས་ཉིད་མཆོག་ལ་གཏད་དེ་མཁས་གྲུབ་ཆེན་པོ་ཁོང་ཡབ་སྲས་སློབ་རྒྱུད་བཅས་པས་མགོ་ལོག་སྲིན་པོའི་ཡུལ་འདི་མཁའ་སྤྱོད་གྲུབ་པའི་ཞིང་དུ་བསྒྱུར་བ་ལགས་སོ། །

དམ་པ་འདིའི་གསུང་སྐྱེས་སློབ་བུ་ལ།   ཐོག་མར་དཔོན་མོ་རོང་བཟའ་མ་མཁའ་སྤྱོད་མཚན་ཅན། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས།   སེལ་ཤུལ་མཆོག་སྤྲུལ་དགེ་ལེགས་འཇམ་དཔལ་གྲགས་པ།   མ་ཁྱེ་སྤྲུལ་བའི་སྐུ་བློ་བཟང་མཚན་ཅན།   པད་མའི་རྒྱལ་ཚབ་རྩོད་མེད་ཁང་གདོང་དབོན་པོ་མགོན་དབང་རིན་པོ་ཆེ།      མཚོ་སྔོན་་དགེ་བཤེས་སྣང་མཛད་རྡོ་རྗེ་འཆང་དང་བླ་སློབ་སྦྲགས་མ།   སྐུ་ཞབས་སེར་ཤུལ་རིན་པོ་ཆེའི་སྐུ་མཆེད་སྤྲུལ་བའི་སྐུ་མདོ་སྔགས་ཚང་།   སྐུ་དབོན་རིན་པོ་ཆེ་ཞབས་དྲུང་དགེ་ལེགས་འཇིགས་མེད་རྒྱ་མཚོ་སོགས་བགྲངས་ལས་འདས་སོ།།   

དེ་ལྟ་བུའི་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་ནས་སྐུ་དངོས་གྱི་གདུལ་བྱ་རྫོགས་པ་ན་དགུང་གྲངས་ང་ལྔར་སོན་པ་མེ་མོ་བྱ་ཡི་སྤྱི་ལོ་༡༨༩༧ལོར་གཟུགས་སྐུའི་བཀོད་པ་བསྡུས་ཤིང་སྟོང་བ་གསུམ་རིམ་གྱིས་ཐིམ་ནས་ཐམས་ཅད་སྟོང་བ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་མཛད་པར་གྱུར་ཏོ།།       

༈ ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་མཆོག་ནི་ཆེན་པོ་ཧོར་གྱི་བློན་རྒྱུད་ཡབ་ཤར་འོད་ཨ་བོ་ཁ་ཤོ་དང་ཡུམ་ཁྲ་བཟའ་མ་གཉིས་ཀྱི་སྲས་སུ་བོད་རབ་ཚེས་སྤྱི་ལོ་༡༨༦༦ལོར་འཁྲུངས།   སྐྱེས་མ་ཐག་ནས་གནས་ཆུང་རྒྱལ་བོ་སྐུ་ལྔ་བྲན་བཞིན་འཁོར་ཞིང་ཆོ་འཕྲུལ་སྣ་ཚོགས་སྐྱེ་བོ་ཀུན་ལ་མཐུན་སྣང་དུ་བསྟན།    གནས་པད་མ་རི་མཐོའི་བྲན་གཡང་ལ་བྱ་རྒོད་ལྟར་འཕུར་ཐུབ་པ་སོགས་བྱུང་།   དགུང་གྲངས་བདུན་བརྒྱད་ཙམ་ནས་ཁམས་མི་བདེ་བ་ཞིག་བྱུང་བས་ཡབ་ཡུམ་གཉིས་ཀྱིས་བུ་འདི་ཁྱིམ་ནང་དུ་མི་འཇོག་པར་གྲྭ་བ་བྱས་ན་ཚེ་ལ་བར་ཆད་མི་འོང་བར་དགོངས་ནས།    ཤར་འོད་ཆོས་མཛད་རིན་པོ་ཆེ་གྲགས་པ་བཟང་བོ་མཆོག་གནས་ཆེན་པད་མ་རི་མཐོའི་ཉེ་འདབས་སུ་བཞུགས་པའི་སྐུ་དྲུང་དུ་བསྐྱལ་ནས་རབ་ཏུ་བྱུང་།    མཚན་ལ་ཚུལ་ཁྲིམས་དར་རྒྱས་སུ་གསོལ།       

ཤར་འོད་ཆོས་མཛད་རིན་པོ་ཆེ་གྲགས་པ་བཟང་བོ་མཆོག་ནི་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བ་ལས་བཞིར་དབང་འབྱོར་ཞིང་།   དམ་ཅན་ཆོས་ཀྱི་རྒྱལ་བོ་ལ་བརྟེན་ནས་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ཐོགས་མེད་དུ་གྲུབ་པ།    དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ལུགས་ཀྱི་བཞེད་སྲོལ་འཛིན་པ།     མདོ་སྔགས་རིག་གནས་དང་བཅས་པས་ཐུགས་རྒྱུད་ཡོངས་སུ་ཁེངས་པ་དང་།    ཁྱད་པར་ཚང་ལ་མ་ནོར་བའི་ལམ་བཟང་གདུལ་བྱའི་ཁམས་སུ་སྟོན་པ་ལ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོར་ཅོ་འདྲི་བའི་སྐྱེས་བུ་ཆེན་པོ་ཞིག་ཡིན་པས་ཁོང་གིས་མ་ཡིས་བུ་བཞིན་གཅེས་པར་བསྐྱངས།   མདོ་སྔགས་རིག་གནས་དང་བཅས་པ་ཞིབ་ཁྲིད་གནང་།   ཁྲ་དགེ་རིག་འཛིན་ཆེན་མོ་ཚུལ་ཁྲིམས་དར་རྒྱས་ཚང་ཡང་སྐུ་ཆུང་ངུའི་དུས་ནས་གཤིས་རྒྱུད་བཟང་ཞིང་རྣམ་དཔྱོད་བཀྲ་བ་སོགས་ཐོག་མ་ནས་ཐེག་པ་མཆོག་གི་རིགས་ཀྱི་རྟགས་མཚན་མངོན་དུ་གྱུར་བས།   འཕགས་པ་རྟག་ངུས་ཆོས་འཕགས་དང་།   རྗེ་མི་ལས་མར་བ།   འབྲོང་སྟོན་པས་རྗེ་དི་བཾ་ཀ་ར་བསྟེན་པ་ལྟར་བཤེས་གཉེན་ཚུལ་བཞིན་ལེགས་པར་བསྟེན་ཅིང་།    ཞབས་ཏོག་ཀྱང་་དཔེ་མེད་མཛད།   རིམ་གྱིས་སུམ་རྟགས་དག་གསུམ་དང་།   སྒྲ་སྙན་ངག་རྩིས་ས་རིས།     ལྷ་རིས།    དབུ་ཕར་འདུལ་མཛོད་སོགས་གཞུང་ཆེན་དག་ལ་མཁས་པར་སྦྱངས། བདེ་གསང་འཇིགས་གསུམ་གྱི་དབང་དང་།   ཐུབ་པ་དམ་ཚིག་གསུམ་བཀོད་སོགས་རྒྱུད་སྡེ་བཞིའི་དབང་རྗེས་གནང་གི་རིམ་པ་མ་ལུས་པ་ཕལ་ཆེར་ཆིག་བརྒྱུད་ཀྱི་ཚུལ་དུ་གནང་།     སོ་ཐར་བྱང་སེམས་ཀྱི་སྡོམ་པ་དང་།    སྔགས་ཀྱི་དམ་ཚིག་རྣམས་མཉམ་མེད་རི་བོ་དགེ་ལྡན་པའི་ཕྱག་བཞེས་ལྟར་ཚུལ་བཞིན་དུ་སྲུང་ཚུལ་དང་།    རྒྱུད་སྡེ་དག་གི་བསྐྱེད་རྫོགས་དང་བསྙེན་ཁྲིད།    བསྙེན་པ་གཏོང་ཚུལ་གྱི་ཕྱག་བཞེས་སོགས་དང་།   གཞན་ཡང་གཏོར་མའི་རིམ་པ།   ས་ཆོག   རྒྱུད་ཀྱི་རྟ་དབྱངས་སོགས་ཡོངས་རྫོགས་ཐུགས་སུ་ཆུད་པར་མཛད།ཡར་ངོས་མར་ངོས་ཀྱི་ཚེས་བཅུའི་ཚོགས་མཆོད་དང།    ཐུན་དྲུག་བླ་མའི་རྣལ་འབྱོར།    དམ་བཅའ་ཅན་གྱི་ཡི་དམ་དུ་མའི་བསྙེན་པ་སོགས་བཟླས་བརྗོད་ཀྱང་བློ་ལས་འདས་པ་ཞིག་མཛད།   རྗེ་བྱང་ཆུབ་ལམ་རིམ་ཆེན་མོ་ཐུགས་ཐོག་ནས་རྒྱུན་པར་སྐྱོར།    སྒྲ་དང་སྙན་ངག་སློབ་སྐབས་སུ་འཕགས་མ་མཚོ་བྱུང་ལྷ་མོས་རྗེས་སུ་བཟུང་བ་སོགས་སྒྲོ་མ་བཏགས་པའི་བརྗོད་བྱ་ངོ་མཚར་བ་ཤིན་ཏུ་མང་།   ཆོས་མཛད་རྡོ་རྗེ་འཆང་གི་ཞལ་ནས་ད་ནི་ངས་གང་ཤེས་ཀྱི་གདམས་ངག་རྣམས་ལྷག་ལུས་མེད་པར་ཚུལ་ཁྲིམས་དར་རྒྱས་ཁྱོད་ལ་འཕྲོད་ཟིན་པས་ང་ཡང་བློ་བདེ།   ཁྱོད་ཀྱང་ཡིད་ཚིམ་པ་ཡིན་པས་མི་རྒན་ངའི་བྱ་བ་མཐར་ཕྱིན་པ་ཡིན་ཞེས་གསུངས། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱིས་བླ་མ་རིན་པོ་ཆེ་ཁྱེད་མི་བཞུགས་ཚེ་ང་རང་གྲྭ་ས་ཆེན་པོ་ཞིག་ཏུ་འགྲོ་འམ་ཞུས་ཚེ། ཁྱོད་བློ་སྣ་མ་མང་བར་རང་རེའི་ཡོན་བདག་ཨ་བློའི་འགོ་བ་ཚང་ལ་བརྟེན་ནས་སྡོད་དང་། ཡི་དམ་གྱིས་ལུང་བསྟན་པའི་ཉམས་སྣང་ལ་ཁྱེད་དཔལ་འཁོར་སྡོམ་པའི་བཀའ་འབབ་ཡིན་པར་སྣང་བས། ཡི་དམ་གཙོ་བོ་བདེ་མཆོག་དང་། གཞན་དོན་རྡོ་རྗེ་རྣལ་འབྱོར་མའི་སྒོ་ནས་བྱས་ན་ལེགས། ཁྱོད་ལ་མི་རིང་བར་དོན་ཡོད་རྡོ་རྗེའི་མཚན་ཅན་གྱི་སློབ་མ་བཞི་འདུས་ནས་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་ཞིང་། སྙན་པ་ལྷས་བསྒྲགས་ཏེ་བསྟན་འགྲོའི་དོན་རྒྱ་ཆེན་པོ་འབྱུང་།   ང་ཤི་ན་ངའི་ཤུལ་འདིར་དགེ་ལྡན་སྒྲུབ་བརྒྱུད་ཀྱི་བསྟན་པའི་རྒྱལ་མཚན་མཐོན་པོ་ཞིག་བསྒྲེངས་ཡོད་པ་ཁྱོད་ཡིན་པས་ཡུལ་འདི་མ་འདོར་ཅིག་ཅེས་སོགས་གསུངས།

རྗེས་སུ་སྐུ་ཚེ་གང་བོར་བླ་མས་ལུང་བསྟན་བཞིན་ཨ་བློའི་འགོ་བ་ཚང་ནས་བཞུགས་ཏེ་སྒྲུབ་པ་ཉམས་བཞེས་གནང་ཞིང་།   ལྕགས་མོ་མགོ་ལོག་གི་ཡུལ་ན་དགེ་ལྡན་སྙན་བརྒྱུད་གདམས་པས་ཐུགས་རྒྱུད་གང་ཞིང་།   མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་འགྲན་ཟླ་བྲལ་བ།   འབྲེལ་ཚད་དག་པ་མཁའ་སྤྱོད་དམ་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཞིང་དུ་འདྲེན་པ་ཞིག་ཡོད་པའི་གྲགས་སྙན་གྱིས་མདོ་དབུས་གཙང་གསུམ་དུ་ཁྱབ་སྟེ་གྲོལ་བ་དོན་གཉེར་གྱི་སྐལ་ལྡན་དུ་མ་དབྱར་སྤྲིན་བཞིན་འདུས་པར་གྱུར།   དེ་ཡང་གཙོ་བོ་བླ་མས་ལུང་བསྟན་ལྟར་གྱི་བུ་ཆེན་བཞི་སྟེ།   ཨ་མདོ་དགེ་བཤེས་འཇམ་དཔལ་རོལ་བའི་བློ་གྲོས།   རྭ་རྒྱ་ཨ་ལགས་མ་ཁྱེ་སྤྲུལ་སྐུ།   སྐུ་ཞབས་སེལ་ཤུལ་མཆོག་སྤྲུལ།   རེབ་གོང་སྔགས་འཆང་ཀརྨ་རང་གྲོལ་ཏེ་གསང་མཚན་དོན་ཡོད་རྡོ་རྗེར་འབོད་པ་བཞི་དང་།   ཤིང་བཟའ་རིན་པོ་ཆེ།   དཔལ་ཡུལ་མཆོག་སྤྲུལ།   གཞི་ཆེན་མ་འདས་སྤྲུལ་སྐུ། ཤར་འོད་ཨ་ལགས་ཚུལ་རྣམ་རིན་པོ།   སྙན་མོ་རིའི་ཆེ་བའི་སྤྲུལ་སྐུ་གསུང་རབ།   གླིང་སྲུང་མ།   སྤྲུལ་སྐུ་ཀ་དག   ཇོ་ནང་བ་ངག་དབང་ཚོགས་གཉིས་རྒྱ་མཚོ་སོགས་ལ།   རྒྱུད་སྡེ་མང་བོའི་དབང་ལུང་དང་།   ཁྱད་པར་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་དང་།   ཆོས་མཛད་རྡོ་རྗེ་འཆང་གིས་མཛད་པའི་མཁའ་སྤྱོད་མའི་བསྐྱེད་རྫོགས་ལེགས་པར་གནང་སྟེ་འཕྲིན་ལས་ཀྱིས་ས་ཆེན་ཁྱབ།   རྒྱུན་པར་ཞལ་ནས།   ང་ལ་ཡོན་ཏན་ཅུང་ཟད་རེ་ཡོད་པ་དང་ཆེ་དགུས་བཀུར་བསྟི་བྱེད་པ།   རྣམ་དཀར་ལས་གང་འདོད་འགྲུབ་པ་སོགས་ལེགས་ཚོགས་ཐམས་ཅད་འདི་ཆོས་མཛད་རྡོ་རྗེ་འཆང་བསྟེན་ཚུལ་ལེགས་པས་ཡིན་ཞེས་སྨྲས་ན་ཁ་ཚོད་ཅུང་མཐོ་སོང་ནའང་ཞབས་ཕྱི་བསྙུན་གཡོག་དང།   གསོལ་ཇ་ཚ་བོ་བསྐོལ་པའི་འབྲས་བུ་ཡིན་པ་ཐག་ཆོད་གསུངས།   རབ་རྒྱལ་མེ་བྱི་༡༩༣༦ལོར་པཎ་ཆེན་བློ་བཟང་ཆོས་ཀྱི་ཉི་མར་མགོ་ལོག་ནས་མཇལ་ཞིང་ཕན་ཚུན་བླ་སློབ་སྦྲགས་མར་གྱུར།   པཎ་ཆེན་རིན་པོ་ཆེས་མགོ་ལོག་གི་སར་ཁྲ་དགེ་སློང་ལྟ་བུ་བཞུགས་པས་ཞལ་མཇལ་ཙམ་བྱུང་ནའང་བསོད་ནམས་ཆེ་ཞེས་ཚད་མཐོ་བའི་བསྔགས་བརྗོད་གནང་།   རབ་རྒྱལ་མེ་གླང་སྤྱི་ལོ་༡༩༣༧ལོར་གཙང་རྒྱ་སྤྲུལ་སོགས་སློབ་མ་མང་བོར་མཁའ་སྤྱོད་མའི་བསྐྱེད་རྫོགས་འཁྲིད་བཞིན་པའི་ཚེ་ཉིན་ཞིག་ད་ནི་འཆི་བ་ཆོས་སྐུ་ལམ་འཁྱེར་གྱི་ཐད་དུ་ཁྲིད་མཚམས་འཇོག་དགོས།   བླ་རྒན་དེ་རིང་བྲེལ་ལངས་ནས་ཡོད། ཁྱེད་ཅག་གི་ཁྲིད་འདིའི་མཇུག་རྒྱ་ཏོག་དགེ་ལོ་ཟེར་བ་དེར་ཞུས་ནས་འཕུད་ཆོག་ཅེས་སོགས་གསུང་གོ་རྒྱུ་ཅན་མང་བོ་གནང་སྟེ་དགོང་མོ་དེར།   གཞོགས་གཡས་པ་ས་ལ་ཕབ་སྟེ་ཕྱག་གཡས་འགྲན་པར་བརྟེན་ཅིང་།   གཡོན་པས་ནང་མཆོད་གྱི་ཀ་པ་ལ་དཀུར་བརྟེན།   སྟེང་དུ་ཆོས་སྣམ་བྲེས་སྟབས་ཀྱིས་འཕངས།   གཟིམ་གོས་རྣམས་ཅུང་མར་ལ་དེད་ནས་ཞི་བར་གཤེགས།   སྐུ་གཤེགས་ཁར་གཟིམ་སྔས་ཀྱི་སམ་ཊའི་ངོས་སུ།   མི་བཟད་སྙིགས་མའི་དུས་འདིར་མ་ཁྱོད་ཀྱི།།   བྱིན་རླབས་དབྱར་མཚོ་ལྟར་འཕེལ་གྲགས་སྙན་ལ།།   སེམས་ཅན་རེ་ལྟོས་འཆའ་ཞིང་གསོལ་འདེབས་ན།།   མཁའ་འགྲོའི་གྲལ་མཇུག་ཟིན་པའི་སྐལ་བཟང་སྩོལ།   ཅེས་པའི་ཤོ་ལོ་ཀ་གཅིག་བྲིས་ཡོད་དོ།།

དམ་པ་འདིའི་གསུང་གང་ཡིན་ཡང་སྙན་པའི་ཚད་དུ་འཇོག་འོས་པ་ཞིག་ཡོད་ལ།   ལམ་རིམ་ཆེན་མོའི་ཞི་ལྷག་སྐབས་ཀྱི་ཟིན་བྲིས་དང་། རྗེ་ཇོ་ནང་ཆོས་འབྱུང་འབེལ་གཏམ་སོགས་ལ་ཤིང་དཔར་མེད་པས་དཔེ་རྒྱུན་ཆད།   གཞན་གསང་བའི་རྒྱ་ཅན་མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་སྐོར་དང་།   དགྲ་མནན་རྩྭ་ཆིངས་མར་འབོད་པ་སོགས་ཡོད་པར་བཤད་ལ།     ད་ལྟའི་གསུང་འབུམ་དཔར་དུ་འཁོད་པ་ལ།   སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་ཐུགས་རྗེ་ཕྱི་མིག་བསྐུལ་བའི་རྗེས་འབོད།   ཡབ་གཅིག་མཁྱེན་པའི་གཏེར་ལ་བསྟོད་པ་མགྲིན་པའི་བུང་བ་སྒེག་པའི་རྩེད་འཇོ།     རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ།     སྒྲ་དབྱངས་ལྷ་མོ་ལ་བསྟོད་པ་མལླི་ཀཱའི་ཕྲེང་བ།   དབྱངས་ཅན་ངག་གི་ལྷ་མོ་ལ་བསྟོད་པ་ཚིག་གི་འདོད་པ་འཇོ་བའི་བུམ་བཟང་།    ཚེ་རབས་རྗེས་འཛིན་གྱི་འཕྲིན་བཅོལ།    ཀླུང་རྟའི་འདོད་གསོལ་དགེ་མཚན་གཡས་འཁྱིལ།     སྒྲོལ་མའི་གཡང་འབོད།   མཐུ་ཆེན་དགྲ་ལྷའི་དབང་ཕྱུག་མཆེད་ལྔའི་གསོལ་མཆོད་དབྱངས་སྙན་རྩེད་འཇོ། མཐུ་སྟོབས་དབང་ཕྱུག་དཔལ་མགོན་ཞལ་བཞི་བ་ལ་གཏོར་མཆོད་འབུལ་ཚུལ། མཐུ་ཆེན་དགྲ་ལྷའི་དབང་ཕྱུག་མཆེད་ལྔའི་གསོལ་མཆོད། གཉན་ཆེན་ཐང་ལྷའི་གསོལ་མཆོད་བསྡུས་པ། དཔའ་བོ་དུར་ཁྲོད་བདག་པོའི་གསོལ་མཆོད།   གསོལ་མཆོད་གང་བསམ་ལྷུན་འགྲུབ། བསང་མཆོད་འབྲིང་བོ། བསང་མཆོད་བསྡུས་པ།   དམོད་བཅོལ། བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཕན་ཡོན་དྲན་ཚུལ་ལག་ལེན་བདེ་ཆེད་སླར་ཡང་གནད་བསྡུས་ཀྱི་ཚུལ་དུ་བསྩལ་བ་ལམ་རིམ་ལས་ཁོལ་དུ་བྱུང་བ། དགའ་ལྡན་ལྷ་བརྒྱ་མ་ལ་བརྟེན་ནས་ལྷག་པའི་ལྷ་རྣམས་ཀྱི་བསྒོམ་བཟླས་ཉམས་སུ་ལེན་ཚུལ་གུས་ལྡན་རེ་སྐོང་།   འཕགས་པ་ཕུང་བོ་གསུམ་པའི་མདོ་ལ་བརྟེན་ནས་བསགས་སྦྱང་ཆོ་ག་ཉམས་སུ་ལེན་ཚུལ་སྡིག་ལྟུང་འདགས་བྱེད་ཁྲུས་ཀྱི་རྫིང་བུ།      སྐུ་འདའ་ཁའི་གསུང་སོགས་མཁས་དགུའི་ཐུགས་རབ་འཕྲོག་པའི་ངག་གི་རོལ་རྩེད་བསམ་གྱིས་མི་ཁྱབ་པ་མང་བོ་བཞུགས་སོ།   །

༈ གཞན་ཡང་རྫ་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྤྲུལ་དམ་པ་རྗེ་བློ་བཟང་བསམ་གཏན་མཆོག་ནི་དགུང་གྲངས་བཅོ་བརྒྱད་སྟེང་ནས་རྔ་ཡུལ་ཀིརྟི་དགོན་དང་འབྲས་སྤུངས་སོགས་གྲྭ་ས་རྒྱ་མཚོ་ལྟ་བུ་རྣམས་སུ་ཕེབས་ཏེ་བཤེས་གཉེན་དུ་མ་ཚུལ་བཞིན་བསྟེན་ཅིང་། གཞུང་བཀའ་པོད་ལྔ་མདོ་སྔགས་རིག་གནས་དང་བཅས་པར་མཐའ་ཆོད་ངེས་སུ་སྦྱངས། སྟག་སེང་ཁ་འཐབ་པ་ལྟ་བུའི་རིགས་པ་སྨྲ་བ་འབུམ་སྡེའི་ཁྲིད་ནས་མཁས་པའི་གྲགས་པ་འབར།   དགུང་ལོ་ཉེར་བརྒྱད་སྟེང་རྫ་དཔལ་སྤྲུལ་ཚང་གི་ཡང་སྤྲུལ་དུ་ངོས་བཟུང་སྟེ་ཤྲཱི་སེང་ཆོས་གྲྭར་ཁྲི་འདོན་མཛད་། སྤྱི་ལོ་༡༩༩༥ལོར་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་དུ་ཕེབས་ནས་མཚན་ཉིད་གསར་འཛུགས་བྱས་ཏེ།    བསྡུས་གྲྭ།   ཚད་མ།   སྡོམ་གསུམ།   བློ་སྦྱོང་།   སྤྱོད་འཇུག་སོགས་ཟབ་ཁྲིད་དང་ཐར་བ་དོན་གཉེར་ཅན་མི་ཉུང་བ་ཞིག་ལ་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་བ་སོགས་བཀའ་དྲིན་བླག་ལྷག་ཏུ་བསྐྱངས།   ད་ལྟ་གདན་ས་འདི་དང་ཕྱོགས་ཀུན་ཏུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་སྐོར་བཞིན་བཞུགས།

དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བློ་བཟང་ཤེས་རབ་མཆོག་ནི་རྔ་ཡུལ་ནས་འཁྲུངས་ཤིང་ཆུང་ངུའི་དུས་སུ་རྒྱལ་བའི་བསྟན་པར་རབ་ཏུ་བྱུང་སྟེ་རྔ་ཡུལ་ཆོས་སྡེ་ཆེན་མོ་ཀིརྟི་དགོན་གྱི་ཚོགས་གྲལ་དུ་ཞུགས།   བཤེན་གཉེན་དུ་མ་ཚུལ་བཞིན་བསྟེན།   ཚོགས་དང་ཆོས་གྲྭར་ཆག་མེད་དུ་འགྲིམས།    མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་མཐར་ཕྱིན་པ་གནང་།    དམ་བཅའ་ཆེ་ཆུང་མཐའ་དག་བཞག་ནས་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་ཐོབ་སྟེ་སྐལ་ལྡན་སློབ་བུ་རྣམས་ལ་ཆོས་ཀྱི་འཁོར་ལོ་སྐོར་བཞིན་པའི་ཚེ།     མཆོག་སྤྲུལ་འགྲོ་ཕན་རྒྱ་མཚོས་སྐྱབས་མགོན་ཀིརྟི་ཚང་ལ་ཤར་འོད་དགོན་པར་རྒྱུན་སྡོད་དགེ་རྒན་ཞིག་གནང་དགོས་ཚུལ་ཡང་ཡང་ཞུས་མཐར་ཁོང་གིས་ཕྱག་ཡིག་ཐམ་ག་དང་བཅས་ཏེ་དགེ་བཤེས་བློ་བཟང་ཤེས་རབ་ཚང་སྤྱི་ལོ་༡༩༩༩ལོར་དགོན་འདིའི་རྒྱུན་བཞུགས་དགེ་རྒན་དུ་མངགས།     དགེ་བཤེས་བློ་བཟང་ཤེས་རབ་ཁོང་གིས་དགོན་འདིར་མཚན་ཉིད་གྲྭ་ཚང་དགེ་ལྡན་མདོ་སྔགས་དར་རྒྱས་གླིང་ལོགས་སུ་བཀར་ཞིང་འཛིན་གྲྭ་དྲུག་ཏུ་བགོས།    སྨྱུང་གནས་གྲྭ་ཚང་ཡང་ལམ་རིམ་འཛིན་གྲྭ་གཉིས་བགོས།    ལོ་རེར་ཆོས་ཐོག་དང་ཆོས་འཚམས་བརྒྱད་དུ་ཕྱེས།   རྩོད་རྒྱུགས།   གཞུང་རྒྱུགས།   ཤོག་རྒྱུགས་བརྩི་བཞག་འཆད་པ་སོགས་གསར་དུ་བཙུགས་ཏེ།   ལོ་རེར་སུམ་རྟགས།   བསྡུས་གྲྭ།   རྣམ་འགྲེལ།     དབུ་མ་སོགས་འཆད་ཁྲིད་གནང་།    དེ་དག་ལ་དམིགས་དེ་ཁོང་དང་ལས་སྣེ་རྣམས་ཀྱིས་བཅའ་ཡིག་གསར་བ་ཐར་འདོད་སྐྱེ་བོའི་འཇུག་ངོགས་ཞེས་པ་གསར་དུ་མཛད། ཁོང་ཉིད་དགོན་འདིའི་བརྩི་བཞག་མཁན་པོའི་ཐོག་མའང་ཡིན།   སྤྱི་ལོ་༢༠༡༠ལོར་ཁོང་གི་ཐུགས་བཀོད་བཞིན་དགོན་འདིའི་རིགས་པ་སྨྲ་བ་རྣམས་མགོ་ལོག་འཇང་ཆོས་ཆེན་པོའི་རྣམ་འགྲེལ་དམ་བཅའི་སྟེང་ཚད་མའི་རབ་འབྱམས་དམ་བཅར་ཕེབས།    སྤྱི་ལོ་༢༠༡༡ལོར་དགོན་འདིར་སྔོན་མེད་ཀྱི་ཆེས་ཐོག་མའི་ཕར་ཕྱིན་དམ་བཅའ་ཆེན་མོའི་མཛད་སྒོ་སྤེལ་བ་སོགས་བཀའ་དྲིན་བླ་ལྷག་གིས་ཆེ།   ད་ལྟ་མདོ་སྨད་ཀྱི་ཆོས་སྡེ་ཆེན་མོ་རྔ་ཡུལ་ཀིརྟི་དགོན་གྱི་གཙོ་འགན་པའི་ལས་ཁུར་བཞེས་བར་མ་ཟད་དགོན་འདི་དང་ལྷ་རི་དགོན་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་ལ་མཚན་ཉིད་གསར་ཚུགས་དང་འབྲེལ་དེ་མཛད་འཕྲིན་འོད་སྣང་དཀར་བོ་ཕྱོགས་མེད་དུ་སྤྲོ་བཞིན་པ་ལགས་སོ། །   

༈ དགེ་བའི་བཤེས་གཉེན་ཆེན་མོ་འབྲས་རབས་འབྱམས་པ་ངག་དབང་དངོས་གྲུབ་ལགས་ནི་དགུང་གྲངས་བཅུ་དྲུག་སྟེང་དཔལ་ལྡན་འབྲས་དཀར་སྤུངས་པའི་ཆོས་སྡེ་རུ་ཕེབས་ནས་རྒན་ལམ་རིམ་པ་ངག་དབང་ཕུན་ཚོགས་སོགས་ངེས་དོན་གྱི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བཞེས་མཐར་ཕྱིན་པར་གནང་།   སྤྱི་ལོ་༢༠༠༤ལོར་ཤར་འོད་དགོན་འདིར་བྱོན་ནས་གཞུང་ཤེར་ཕྱིན་དང་ཚད་མ།   དྲང་ངེས་།   བློ་སྦྱོང་།   མཛོད། འདུལ་བ།   ལམ་རིམ་སོགས་ཁྲིད་དང་ཁྲིད་བཞིན་པའོ།།   སྤྱི་ལོ་༢༠༠༥ལོར་ཤར་འོད་ཆོས་མཛད་གྲགས་པ་བཟང་བོའི་ཡང་སྤྲུལ་དུ་ངོས་བཟུང་སྟེ།   ལྷ་བབས་དུས་ཆེན་ཉིན་དགེ་ལྡན་མི་འགྱུར་བདེ་ཆེན་གླིང་གི་ཆོས་ཁྲིར་མངའ་གསོལ་མཛད།   སྤྱི་ལོ་༢༠༠༦ལོར་དགོན་ཁག་བཅུ་གཉིས་ཀྱི་བླ་གྲྭ་མཁས་མང་འདུ་བའི་འཇང་ཆོས་ཆེན་མོའི་སྐབས་སུ།   བྱ་བྲལ་ཆོས་དབྱིངས་རིན་པོ་ཆེས་ལྷ་རི་བཀྲ་ཤིས་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་འདི་བཤེས་གཉེན་ཆེན་མོ་ངག་དབང་དངོས་གྲུབ་ཚང་དང་ཤར་འོད་ཚུལ་རྣམ་དགོན་པར་ཕུལ་བ་ཡིན་ཞེས་པའི་བདག་པོར་དབང་བསྐུར་བ་ལྟར།   ད་ལྟ་དགོན་འདི་དང་ལྷ་རི་བཀྲ་ཤིས་དགེ་ལྡན་ཐེག་ཆེན་ཆོས་འཁོར་གླིང་སོགས་མཉམ་དུ་ཆོས་སྲིད་གཉིས་ཀྱི་ཐད་ནས་སྐྱོང་བཞིན་བཞུགས་སོ།།   ཤར་འོད་ཚུལ་རྣམ་དགོན་གྱི་རྩ་བའི་ཉིང་ལག་ལྟ་བའི་བཀྲ་ཤིས་ལྷ་སྒང་རིང་མོའི་མགུལ་དུ་ཆགས་པའི་བཀྲ་ཤིས་ཆོས་རྫོང་རྡོ་ཁ་མཐོང་གྲོལ་ཆེན་མོ་ནི། སྤྱི་ལོ་ ༡༧༢༠ ཡས་མས་སུ་འབྲས་སྤུངས་དགེ་བཤེས་ཟེར་བ་ཞིག་གིས་བཞེངས་པར་ངག་རྒྱུན་ལ་གྲགས། བླ་མ་བཀའ་འགྱུར་བས་སོག་པོ་དགེ་བཤེས་ཚང་ལ་ས་ལ་བཀྲ་ཤིས་རྟགས་བརྒྱད་དང་། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཚང་བའི་སར་བྱང་ཆུབ་མཆོད་རྟེན་ཞིག་བཞེངས་དང་འགྲོ་དོན་འོངས་པར་ལུང་བསྟན་པ་ལྟར་བཞེངས་ནས་གནས་དེར་སྒྲུབ་པ་མཛད་ནས་བཞུགས། མ་ཎི་བླ་མ་པདྨ་སིདྡྷི་ཚང་གིས་མཁན་སློབ་ཆོས་གསུམ་ཀྱི་ལྷ་ཁང་བཞེངས་པ་སོགས་བསྟན་འགྲོའི་དོན་ཆེན་རྒྱ་ཆེན་མཛད། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མཚོ་སྔོན་དགེ་བཤེས། སྨད་སོག་དགེ་བཤེས། ཆོས་མཛད་གྲགས་པ་བཟང་བོ། སྐྱབས་རྗེ་ཚུལ་ཁྲིམས་རྣམ་རྒྱལ། མགོན་ཚང་ཨ་ལག་སྐལ་བཟང་ལུང་རིགས་རྒྱ་མཚོ། གྲུབ་ཆེན་བྱམས་པ་ཆོས་འཛིན། མ་ཎི་བླ་མ་པདྨ་སིདྡྷི། རྫོགས་ཆེན་ སྤྲུལ་སྐུ་ལོ་པོ། ཨུ་རྒྱན་རིག་འཛིན། རྫ་དཔལ་སྤྲུལ། གཉན་ཐོག་སྤྲུལ་སྐུ་བློ་བཟང་ཐབས་མཁས་རྒྱ་མཚོ། སྤྲུལ་བསྟན་འཛིན་བཟང་བོ། སྤྲུལ་ཐུབ་བསྟན་རྒྱ་མཚོ་སོགས་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་མང་བོས་གདན་ས་དེར་སྒྲུབ་པ་མཛད་ཅིང་ཞབས་ཀྱིས་བཅགས་ཤིང་བྱིན་ཀྱིས་བརླབས་པའི་གནས་མཆོག་རྨད་དུ་བྱུང་བ་ཞིག་ལགས། སྔོན་ཆད་གདན་ས་དེ་གའི་རྡོ་རིང་དང་བྱང་ཆུབ་མཆོད་རྟེན་གཉིས་ལ་མཐོང་གྲོལ་ཆེན་མོ་ཞེས་འབོད་ལ། དེར་མེ་ཏོག་གི་ཆར་བབ་པའི་ལོ་རྒྱུས་ཀྱང་ངག་རྒྱུན་ལ་གྲགས། ལུང་བསྟན་པ་ལྟར་འགྲོ་དོན་འོངས་ཚུལ་ནི། ངེས་མེད་ནད་ཀྱིས་གཟིར་བའམ་གདོན་གྱིས་བཟུང་བའི་རིགས་དང་། ཁྱད་པར་དུ་ཆུང་སྲིའི་རིགས་རྣམས་ཕྱག་སྐོར་བྱས་པས་ནད་གདོན་ལས་ཐར་པ་དང་། མ་བུ་བདེ་ཐང་འོང་ཞིང་སྲི་ཀེག་གི་བར་ཆད་ལས་གྲོལ་བ་གྲངས་མེད་ཡོད། ཁྱད་པར་དུས་འགྱུར་བདུད་ཀྱི་ཁ་རླངས་ཀྱི་དབང་གིས་མཆོད་རྟེན་དང་རྡོ་མཁར་ལྷ་ཁང་སོགས་བཤིགས་ནས། ཁང་བ་དང་རྒྱ་རའི་རྨང་རྡོ་བྱས་ཏེ་ཤུལ་ཙམ་ལས་མེད་པར་བཟོས། རྗེས་སོར་ཀུན་སྤངས་རི་ཁྲོད་པ་ཆེན་པོ་མཆོག་སྤྲུལ་འགྲོ་ཕན་རྒྱ་མཚོ་མཆོག་གིས་ལྷ་ཁང་། འཁོར་ཁང་། རྡོ་མཁར་མཆོད་རྟེན་བཅས་བསྐྱར་བཞེངས་བྱས་ཏེ་ཉམས་པ་སླར་གསོ་མཛད། ལྷག་པར་དུ་ད་ལྟ་སྤྲུལ་དོན་ཡོད་མཆོག་གིས་ཐུགས་འགན་བཞེས་ཏེ་རྡོ་མཁར་གྱི་དཀྱིལ་དུ་མཆོག་སྤྲུལ་འགྲོ་ཕན་རྒྱ་མཚོའི་སྐུ་གདུང་མཆོད་རྟེན་སྲིད་དུ་སྨི་བཞི་ལྷག་ཅན་ཞིག་བཞེངས། རྡོ་མཁར་གྱི་ཞིང་ཚད་སྨི་བཞི་དང། རིང་ཚད་སྨི་བདུན་ཅུ་ལྷག་ཡོད་ལ། སྔོན་གྱི་རྡོ་མཁར་སྟེང་དུ་སྐྱབས་འགྲོའི་རྡོ་འབུམ། ཧཀྴའི་རྡོ་འབུམ། ཏཱ་རེའི་རྡོ་འབུམ། མ་ཎིའི་རྡོ་འབུམ་བརྒྱ་ལྷག བདེ་གཤེགས་སོ་ལྔའི་རྡོ་སྐུ། མཁན་སློབ་ཆོས་གསུམ་གྱི་རྡོ་སྐུ། སྟོན་པ་གཙོ་འཁོར་གསུམ་གྱི་རྡོ་སྐུ། རིགས་གསུམ་མགོན་པོའི་རྡོ་སྐུ། མཆོད་རྟེན་ཆ་བརྒྱད་ཀྱི་རྡོ་སྐུ། མི་འཁྲུགས་པའི་ཤོག་སྐུ་དུང་། མི་འཁྲུགས་པའི་དཀྱིལ་འཁོར་འབུམ་བཅས་ད་ལྟ་བཞེངས་བཞིན་པ་འདི་ལགས་སོ།།       

གཞན་ཡང་ཤར་འོད་ཚུལ་རྣམ་དགོན་གྱི་སྔོན་བྱོན་སྐྱེས་ཆེན་རྣམས་ཀྱི་གདན་སའམ་སྔོན་གཞན་ཕན་ཀུན་བདེ་གླིང་སོགས་ཀྱི་སྒྲུབ་གནས་ཁྱད་པར་ཅན་བཀྲ་ཤིས་ཆོས་རྫོང་རྡོ་ཁ་མཐོང་གྲོལ་ཆེན་མོ་དང་།   ཐེག་ཆེན་དགེ་བསྙེན་གླིང་།   ཨེ་ཝཾ་ཉི་འཁྱིལ་གླིང་།   རྨ་ཀླུང་དལ་འགྲོ་རིང་མོའི་འགྲམ་རྒྱུད་དུ་གནས་པའི་ཆུ་ཁྲིད་པདྨ་རྫོང་།   མཆོག་སྤྲུལ་བློ་བཟང་ཐབས་མཁས་རྒྱ་མཚོའི་གདན་ས་ཁོང་གིས་བྱིན་གྱིས་རླབས་པའི་གནས་མཆོག་ཁྱད་པར་ཅན་རྫ་ཞོལ་མའི་གོས་ལུང་མདོ་སོགས་དགོན་འདིའི་སྔོན་བྱོན་སྐྱེས་ཆེན་མང་བོའི་སྒྲུབ་གནས་ཁྱད་འཕགས་དང་ཤར་འོད་ཚུལ་རྣམ་དགོན་གྱི་བདག་སྐྱོང་མཛད་དགོས་པས་ས་གནས་ཁྱད་པར་ཅན་དག་གོ།

༈ མཆོག་སྤྲུལ་འཇམ་དབྱངས་དོན་ཡོད་ལགས་ནི།   དགོང་ལོ་བཅུ་གཉིས་ཀྱི་སྟེང་ནས་བཟུང་རྗེ་མཆོག་སྤྲུལ་ངག་དབང་འགྲོ་ཕན་རྒྱ་མཚོའི་ཉེ་གནས་ཀྱི་ཚུལ་དུ་བཞུགས་ཏེ། རྗེ་ཁོང་དང་༧ གོང་ས་བཅུ་བཞི་བ་ཆེན་པོ། སྐུ་ཕྱོགས་ཀུས་ཀྱ་ཆོས་ཀྱི་རྒྱལ་མཚན། དགའ་ལྡན་གསེར་ཁྲི། གུང་ཐང་བསྟན་པའི་དབང་ཕྱུག   རྒན་ལམ་རིམ་པ་ངག་དབང་ཕུན་ཚོགས་སོགས་སྐྱེས་ཆེན་མང་བོ་ལས་དབང་ལུང་མན་ངག་མང་དུ་གསན་ཏེ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན།ཤར་འོད་ཚུལ་རྣམ་དགོན་གྱི་བསྟན་བདག་ཆེན་མོའི་འགན་བཞེས་ནས་དགོན་འདིའི་ཕྱི་ནང་གསང་གསུམ་གྱི་ཆར་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་མཛད། པདྨ་རི་མཐོ་རི་སྐྱེས་སྐྱེ་དངོས་སྲུང་སྐྱོབ་མཐུན་ཚོགས་གསར་འཛུགས་དང་།   ཤར་འོད་རིག་གནས་སློབ་གླིང་ལ་སྡོད་ཁང་དང་ཟས་གོས་ཕྱོགས་ནས་མཐུན་རྐྱེན་གང་ལེགས་མཛད།   དགེ་བསྙེན་གླིང་གི་ཚོགས་ཁང་ཆེན་མོ་གསར་བཞེངས་དང་།   དགོན་འདིའི་གཙུག་ལག་ཁང་ཆེན་པོ་འདི་ཡང་རྫོགས་ཆེན་སྤྲུལ་སྐུ་འཇམ་དབྱངས་བློ་གྲོས་མཆོག་དང་། དཀའ་བཅུ་བ་དོན་ཡོད་དཔལ་ལྡན་གྱི་ཡང་སྤྲུལ་རྗེ་འགྲོ་འདུལ་རྒྱ་མཚོ་ཁོང་སྐུ་མཆེད་གཉིས་དང་། སྤྲུལ་འཇམ་དབྱངས་དོན་ཡོད་གསུམ་གྱི་བཀའ་དྲིན་ཁོ་ན་ལས་ང་ཚོའི་བསོད་ནམས་ཀྱི་དཔལ་དུ་ལེགས་པར་གྲུབ་པ་འདི་ལགས་སོ།།     

རྒྱ་ཆེན་གཞུང་གི་སྒྲོ་འདོགས་གྲྭ་སར་བཅད།།

པད་མ་རི་མཐོར་ཐོས་དོན་རྒྱུད་ལ་སྦྱར།།

སྨད་སོག་དགེ་བཤེས་སྣང་མཛད་རྡོ་རྗེ་ཡི།

ལེགས་མཛད་གཅིག་གིས་ས་ཆེན་ཤིས་པར་བསྒྲུབས།།

དགའ་ལྡན་འབྱུང་གནས་དགའ་བ་བརྒྱད་ལྡན་པར།།

མདོ་སྔགས་རིག་གནས་རྒྱ་མཚོའི་འཇིངས་ཆེན་བརྒལ།།

རྒྱལ་ཡུམ་སྒྲོལ་མའི་བརྩེ་འཛུམ་མ་ལྷོད་པའི།།

ཆོས་མཛད་གྲགས་པ་བཟང་བོ་སྙིང་གི་དཔྱིད།།

ཡ་མཱནྟ་ཀ་ཉམས་བཞེས་མཐིལ་དུ་བཟུང་།།

ཐུན་དྲུག་རྣལ་འབྱོར་སྐུ་ཚེ་གཅིག་གིས་བསྐྱངས།།

ས་གསུམ་སྒྲོན་མེ་བྱང་ཆུབ་ལམ་རིམ་ལ།།

ངེས་པ་གཏིང་རྙེད་ཤར་སྒོམ་ཆག་མེད་གནང་།།

རྒྱུད་སྡེ་རྣམ་བཞིའི་དབང་ལུང་མན་ངག་དང་།།

ཁྱད་པར་མཁའ་སྤྱོད་གདམས་པས་ཐུགས་རྒྱུད་གཏམས།།

གྲུབ་པའི་རྩེར་སོན་སྦས་པའི་བརྟུལ་བཞུགས་ཅན།།

དགེ་ལྡན་སྒྲུབ་རྒྱུད་བསྟན་པའི་བང་མཛོད་དངོས།།

སྙན་འགྱུར་ངག་གི་རོལ་རྩེད་སྒེག་པ་མོས།།

དྲན་དབང་འབུམ་སྡེའི་ཐུགས་རབ་འཕྲོག་མཛད་པ།།

བས་མཐའི་དགེ་སྦྱོང་ཚུལ་ཁྲིམས་དར་རྒྱས་ཞེས།།

སྙན་པ་ལྷ་ཡིས་བསྒྲགས་པའི་ངོ་མཚར་འཛིན།།

ཆེན་པོ་ཧོར་གྱི་རྒྱུད་ལས་འཁྲུངས་ཙམ་གྱིས།།

དགའ་དད་མོས་གུས་འགྲན་བཞིན་མི་སྐྱེ་མོད།།

རྡོ་རྗེའི་བྲག་ལ་རྒོད་པོའི་འཕུར་རྩལ་གྱིས། །

བདག་གི་དྲན་འཛིན་ལུས་ཕྲ་དམ་ལ་བཏགས།།

ཚེ་རབས་ལས་ཀྱིས་འབྲེལ་བའི་བླ་མ་དང་།།

སྣོད་ལྡན་སློབ་བུའི་ཐུགས་ཡིད་འདྲེས་པའི་ཚུལ།།

རབ་དཀར་འོ་མའི་རྒྱུན་དང་ཡོན་ཆབ་ལས།།

དཔེ་གཞན་མ་རྙེད་བློ་སྨྱུག་ཚེགས་ལ་གཏད།།

གནས་ཆུང་རྒྱལ་བོའི་འཕྲིན་ལས་གནམ་ལྕགས་བཙན།།

མཁའ་སྤྱོད་དབང་མོའི་མན་ངག་དྲོད་དུ་འཁྱིལ།།

དབེན་པའི་རི་ན་རྡོ་རྗེའི་ཏིང་འཛིན་བརྟན།།

སྙིགས་དུས་གསང་ཆེན་རྣལ་འབྱོར་ཁྱོད་འདྲ་དཀོན།།

ངག་རིག་ལྷ་མོའི་དཔལ་དང་ཉེར་འགྲོགས་པའི།།

སྔོན་མེད་ལེགས་བཤད་སྐྱེ་བ་ལྔ་བའི་དབྱངས།།

མ་བོས་རང་བྱུང་སིང་སིང་དགུ་འགྱུར་གྱིས།།

གླིང་བཞིའི་ཁོར་ཡུག་བཟུང་བའི་དགའ་སྟོན་རྨད།།

ཐོས་བསམ་སྒོམ་པའི་ལུས་སྟོབས་རྣམ་པར་དར།།

འཆད་རྩོད་རྩོམ་པའི་གཡུ་རལ་གཟེངས་སུ་མཐོ།།

ལུང་རིགས་གད་རྒྱངས་བཙན་པའི་རིགས་སྨྲ་འབུམ།།

སྡེ་འདིར་བཤེས་གཉེན་གདོང་ལྔའི་དབང་བོར་བརྫུས།།

ཞེས་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དོན་ལྡན་ཆོས་ཀྱི་དབྱངས་སྙན་ལ་འཕྲི་སྣོན་ཅུང་ཙམ་བྱས་པ་པད་མ་དཀར་བོའི་ཆུན་པོ་ལས་མཁས་གྲུབ་གང་དག་གིས་བསྐྱངས་ཚུལ་བསྟན་འཛིན་གྱི་ཆེ་བ་བརྗོད་པའི་སརྒ་སྟེ་བཞི་བའོ།།

ལྔ་བ་འཆད་ཉན་སྒོམ་སྒྲུབ་བྱེད་ཚུལ་ཉམས་ལེན་གྱི་ཆེ་བ་ནི།

སྐྱེས་ཆེན་དམ་པ་རིམ་བྱོན་གྱི་ཐུགས་བསྐྱེད་དང་མཛད་འཕྲིན་ལ་བརྟེན་ནས་གནས་ཆེན་པད་མ་རི་མཐོའི་ལྷ་ཞོལ་དུ་གཞིས་ཆགས་པའི་ཤར་འོད་ཚུལ་རྣམ་དགོན་མི་འགྱུར་བདེ་ཆེན་གླིང་དུ་ཆོས་འདུལ་བའི་ཕྱག་ལེན་ངོས་གཙང་བ་ཚུགས་ཏེ་སྐུ་ཚེ་སྒྲུབ་པར་སྙོམས་པའི་ཀུན་སྤངས་པ་མང་བོས་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒོ་ནས་སྨྱུང་བར་གནས་ཤིང་། ཁོ་ར་ཁོར་ཡུག་ཀུན་ཏུ་ཤ་ཆང་སྒོག་གསུམ་གྱི་དྲི་མ་ཙམ་ཡང་མེད་པར་དཀར་ཟས་ཁོ་ནར་བརྟེན་ནས་ཐར་པའི་བཙན་ས་སྙེག་གིན་རྒྱལ་ཁབ་དང་མི་རིགས་གཞན་ལ་གནོད་པའི་སྦྱོར་བ་ལྟ་ཅི་སེམས་ཅན་འབུ་སྲིན་ཕྲ་མོ་ཚུན་ཆད་བྱམས་དང་སྙིང་རྗེས་སྐྱོང་བཞིན་ལྷིང་འཇགས་སེར་བཞུགས་ཡོད་ཚེ། ནག་ཕྱོགས་བདུད་ཀྱི་འཚུབ་རླུང་དྲག་ཏུ་གཡུགས་ཏེ། གངས་དཀར་སཱ་ལའི་སྨན་ལྗོངས་ཆེན་པོའི་ཆོས་སྲིད་རིག་གནས་དཔལ་འབྱོར་ཐམས་ཅད་ཁྱུར་མིད་དུ་གཏོང་བའི་དུས་ངན་ལ་སླེབས་པས།   ༡༩༥༨ལོ་ནས་ཤར་འོད་དགོན་གྱི་རྟེན་དང་བརྟེན་པ་རྩ་གཏོར་དང་འཕྲོག་འཁྱེར། ཉམ་ཆུང་དགེ་འདུན་པ་རྣམས་ཀྱང་ལྔ་ལམ་དུ་གཏོང་བ་དང་།   སྐྱ་སར་ཕབ་པ། གཡོག་ཏུ་བཀོལ་བ་སོགས་མནར་གཅོད་ཡ་ང་བའི་འགོ་བརྩམས། དཔལ་ལྡན་བླ་མ་དམ་པ་རྗེ་ཚུལ་རྣམ་རིན་པོ་ཆེ་དགའ་བདེའི་བཙོན་ཁང་ནས་ཟི་ལང་བཙོན་ཁང་དུ་ཁྲིད་པར་མ་ཟད་ཤུལ་ལུས་བླ་མ་དང་དབུ་མཛད། དགེ་སྐོས་སོགས་གཙོ་གྲས་རྣམས་ཀྱང་བཙོན་ལ་བཅུག   གྲྭ་བ་ཆེ་ཆུང་གང་ཡོད་ཀྱིས་ཁྱིམ་ཐབས་འཛིན་དགོས་པའི་བཀའ་གནམ་ལྕགས་ཐོག་འདྲ་བ་ཞིག་ཕབས་ཀྱང་། མདོ་ལས། སྲོག་དང་བྲལ་ཞིང་ཤི་བ་ནི་སླ་ཡི།   ཚུལ་ཁྲིམས་ཉམས་ཤིང་ཞིག་པ་ནི་དེ་ལྟ་མ་ཡིན་ནོ།།   ཞེས་པའི་གདམས་པ་ཟབ་མོས་ཐུགས་རྒྱུད་ཕྱུག་ཅིང་གཞན་ལ་གནོད་པའི་མཚོན་ཆ་ཁབ་འབིག་ཙམ་ཡང་ཕྱག་ཏུ་ཐོགས་མ་མྱོང་བའི་དགེ་འདུན་པ་རྣམས་ཀྱིས་འཆི་བའི་སྲོག་ལ་བབས་ཀྱང་ཁྱིམ་ཐབ་མི་འཛིན་པའི་དམ་བཅའ་བཞག་པས་རེ་རེ་བཞིན་ཏུ་སྲོག་ཉེན་ལ་ཐུག་པ་ན། བྱམས་དང་སྙིང་རྗེས་ཐུགས་རྒྱུད་བསྡམས་ཤིང་ལས་འབྲས་བསླུ་བ་མེད་པའི་ངང་ཚུལ་ལ་ངེས་པ་རྙེད་པའི་དགེ་སློང་བློ་བཟང་ཚུལ་ཁྲིམས།    ཚུལ་ཁྲིམས་རྒྱ་མཚོ།    བློ་བཟང་དབང་ཆེན།   བློ་བཟང་ཚེ་རིག     ཚུལ་ཁྲིམས་བཟང་བོ་བཅས་ཀྱིས་བསྟན་པ་སྤྱིའི་ཁེ་ཕན་དང་ཁྱད་པར་དུ་ཤར་འོད་དགོན་གྱི་དགེ་འདུན་པ་ཡོངས་སྲོག་ཉེན་ལས་སྐྱོབ་ཕྱིར། ཚམ་ཚོམ་མེད་པར་རེ་རེ་བཞིན་ཆུ་ལ་མཆོངས་ཏེ་སྐུ་གཤེགས་པས།   ང་ཚོའི་བློ་ཡུལ་ལས་འདས་པའི་སྙིང་སྟོབས་འདིས་ནི། ལྕགས་མོ་མགོ་ལོག་གི་ཡུལ་གྱི་དགོན་སྡེ་སོ་སོའི་གྲྭ་བ་གཞན་རྣམས་ཁྱིམ་ཐབ་འཛིན་དགོས་པའི་རྒྱལ་ཁྲིམས་བཙན་པོ་ལས་རང་བཞིན་གྱིས་ལྷོད་པར་གྱུར་ཏོ།།   ཚུལ་འདིས་ནི་མདོ་མཛངས་བླུན་ལས་གསུངས་པའི་དགེ་ཚུལ་གྱི་སྡོམ་པ་བསྲུང་ཕྱིར་རང་སྲོག་བཏང་བའི་གཏམ་རྒྱུད་དེ་ཆོས་ལུགས་པའི་བཤད་སྒྲོས་ཙམ་མིན་པ་ར་སྤྲོད་བྱས་ཤིང་། བརྙས་བཅོས་ཐལ་ཆེ་ན་བསམ་མི་ཕོད་པའི་མཇུག་འབྲས་འབྱུང་བ། བོད་མི་རིགས་འདི་རང་གི་ཆོས་དང་རིག་གཞུང་གི་ཆེད་དུ་ཚེ་སྲོག་ཀྱང་མཆོད་འབུལ་བྱེད་མཁན་ཞིག་ཡིན་པ་སོགས་ཀྱི་གནས་ལུགས་གསལ་རྗེན་དུ་བསྟན་ལ།   ད་ལྟ་ཕྱི་རབས་པའི་སེམས་ན་བསྟན་པའི་སྙིང་བོ་དམ་ཆོས་འདུལ་བའི་ཉམས་ལེན་དང་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ནི་སྲོག་ལས་ཀྱང་གཅེས་སྤྲས་མཛད་དགོས་པའི་དཔའ་བོའི་རྡོ་རིང་ཞིག་བརྟན་པོར་བསླངས་ཡོད་དོ།།   

དེ་ལྟར་ཉེས་མེད་ཀྱི་དགོན་སྡེ་ལྷ་འབངས་དང་བཅས་པ་བགྲང་བྱ་ཉི་ཤུ་ལྷག་གི་རིང་ལ་བསད་འཁྱེར་མནར་གསུམ་གྱིས་མིང་གི་ལྷག་མར་གཏུགས་ལ་ཉེ་བ་ཞིག་བྱས་རྗེས།   རྒྱལ་ཁབ་ཀྱི་སྲིད་ཇུས་ལ་ཅུང་འགྱུར་བ་བྱུང་སྟེ།    མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་ཆེ་ཕྲ་ལྷག་ལུས་སུ་གྱུར་བ་རྣམས་ལ་ཆོས་སྒོ་ཕྱེས་པ་ཞེས་དགོན་པ་སླར་གསོ་དང་ཆོས་འདོན་ཆོག་པའི་གུ་ཡངས་ཐེངས་གཅིག་བྱུང་བས།      ཤར་འོད་ཚུལ་རྣམ་དགོན་གྱི་མཁན་ཆེན་བློ་བཟང་ཤེས་རབ་མཆོག་གི་གཙོས་དགེ་འདུན་པ་ཁ་ཤས་ལྷག་ཡོད་པ་རྣམས་ཀྱིས་གཙུག་ལག་ཁང་ཉམས་གསོ་དང་ཆོས་རྒྱུན་བསྐྱར་མཐུད།   འདུལ་བའི་བཅས་ཁྲིམས་ཀྱི་ཕྱག་ལས་སོགས་ལ་གཅིག་ཏུ་བརྩོན་ཏེ་ད་ལྟ་ཕལ་ཆེར་ཕྱིའི་འཛུགས་བསྐྲུན་དང་ནང་གི་འཆད་ཉན་སྔོན་ལས་ལྷག་པའི་ཚད་དུ་འཕེལ་རྒྱས་སུ་སོང་ཡོད་དོ།།

དེ་ཡང་རྗེ་མཁན་ཆེན་བློ་བཟང་ཤེས་རབ་མཆོག་ནི་སྤྱི་ལོ་ ༡༩༡༡ལོར་ཡབ་ཤར་འོད་མཁས་བཙུན་དང་ཡུམ་ཤར་བཟའ་དཔའ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།   ཁོང་ནི་རྗེ་ཨ་ལགས་ཚུལ་རྣམ་རིན་པོ་ཆེའི་དངོས་སློབ་ཡིན་པར་མ་ཟད་ཐུགས་ཀྱི་སྲས་མཆོག་བླ་མེད་ཅིག་ཀྱང་ཡིན་ལ།ཤར་འོད་དགོན་དུ་ཆོས་ཞུགས་གནང་བ་ནས་སྐུ་ཚེ་གང་བོར་སྨྱུང་གནས་ལ་བཞུགས།   ཟས་སུ་དཀར་གསུམ་ཁོ་ན་ལས་བཞེས་མ་མྱོང་།   སྤྱི་ལོ་ ༡༩༦༩ལོར་ཉེས་པ་སྤུ་རྩེ་ཙམ་མེད་བཞིན་དུ་བཙན་གྱིས་བཙོན་ཁང་དུ་ཁྲིད།   བཙོན་ཁང་ནང་ནས་ཀྱང་སྨྱུང་གནས་ཆག་མེད་དུ་བསྲུངས་ཤིང་།   ཆོས་སྣམ་གཉིས་སྐུ་ལུས་དང་མ་བྲལ་བ་གནང་།   རྒྱུན་པར་སྨྱུང་གནས་ལ་བཞུགས་ཏེ་བཞེས་སྐལ་རྣམས་ཁྲིམས་གྲོགས་ཚོར་རེས་མེད་དུ་གནང་བས་རྒྱ་མི་རྣམས་ཀྱང་དགའ་དད་ཀྱིས་འཁོར་དུ་འདུས།   སྤྱི་ལོ་ ༡༩༦༩ལོར་བཙོན་གྲོལ་ཐོབ་ཏེ་དབེན་པའི་ལུང་སྟོང་ནས་སྨྱུང་གནས་ལ་བཞུགས་བཞིན་སྒྲུབ་པ་ཉམས་ལེན་བློས་མི་དཔོག་པ་གནང་།   དད་ལྡན་སྟོང་ཕྲག་ལྷག་ལ་སོ་ཐར་གྱི་སྡོམ་པ་གནང་།    སྤྱི་ལོ་༡༩༨༠ལོའི་ཟླ་གསུམ་པར་ད་ལྟའི་ཤར་འོད་དགོན་ཤུལ་དུ་ཕེབས་ཏེ་གྲྭ་ཁང་འདུ་ཁང་གསར་བཞེངས་ཀྱི་ལས་མགོ་བཟུང་།   སྨྱུང་གནས་རྒྱུན་བསྲུང་དང་།   སྒྲུབ་མཆོད།   སྨོན་ལམ།   དགའ་ལྡན་ལྔ་མཆོད་སོགས་རེ་རེ་བཞིན་སླར་གསོ་མཛད།   གདུལ་བྱ་སྟོང་ཕྲག་ལས་ལྷག་པར་དབང་རྗེས་གནང་།   ལམ་རིམ།   སྡོམ་གསུམ་སོགས་ཁྲིད་དེ་ཤར་འོད་ཚུལ་རྣམ་དགོན་འདི་མ་ཡིས་བུ་བཞིན་བསྐྱངས།     སྤྱི་ལོ་ ༡༩༨༢ལོར་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚེ་སྐུ་གདུང་ཁྲི་གང་ཙམ་ལས་མེད་ལ།     རིང་བསྲེལ་མང་པོ་བབས།   འཇའ་ཚོན་གྱིས་བཏེགས་པའི་རྒོད་པོ་རྣམ་བཞིས་གདུང་ཁང་ལ་གཡས་བསྐོར་ལན་གསུམ་བྱས་ནས་ནམ་འཕང་བསྟད་པ་སོགས་རྟགས་མཚན་མང་བོ་བྱུང་།   ཁོང་ནི་དགོན་འདིའི་བསྟན་པ་ཡང་དར་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཞིག་ལགས།

རྗེ་བླ་མ་ཚུལ་རྣམ་རིན་པོ་ཆེའི་སྐུ་ཚ་སྤྲུལ་ངག་དབང་འགྲོ་ཕན་རྒྱ་མཚོ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་དངོས་པོ་ཞེས་པ་བསྐལ་བ་ཤིང་ཁྱི་ལོར་ཡབ་མགོ་སེར་ཚུལ་ཁྲིམས་དང་ཡུམ་ཚུལ་རྣམ་རིན་པོ་ཆེའི་སྐུ་སྲིང་རྡོ་རྗེ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།   ཆུང་ངུའི་དུས་ནས་ཐུགས་རིག་ཤིན་ཏུ་གསལ་ཞིང་གཞུང་རྒྱུད་དྲང་བ་བྱམས་དང་སྙིང་རྗེ་ལྡན་པ་སོགས་དམ་པའི་ཚུལ་དགུས་བརྒྱན་པ་ཞིག་གོ།    ཁོང་གི་སྐུ་སྤུན་ཆེ་བ་བློ་མཁས་མདུན་ནས་ཀློག་བསླབ་པས་ཚེགས་ཆུང་ངུས་མཁྱེན།   དགུང་ལོ་ལྔའི་སྟེང་རྟོགས་པའི་དབང་ཕྱུག་ཨ་མཁར་བླ་མའི་ཡང་སྲིད་དུ་ངོས་བཟུང་ནས་ཨ་སྐྱོང་རྒྱ་དགོན་པར་ཁྲི་འདོན་མཛད།   དགུང་ལོ་བཅུ་གསུམ་སྟེང་ཨ་སྐྱོང་གོང་མ་ཚང་གི་ཁྲི་བ་དང་དབུ་བླ་མཛད།   དེ་རྗེས་ལུང་སྐྱ་དགོན་མི་འགྱུར་བདེ་ཆེན་གླིང་གི་ཁྲི་རབས་དང་བོར་མངའ་གསོལ།   མཚམས་པ་སྨོན་ལམ་བཟང་པོ།   སྐུ་ཞང་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་བླ་མ་ཚུལ་རྣམ་རིན་པོ་ཆེ།   ལམ་ཁོའི་མཁན་པོ་གསང་སྔགས་བསྟན་འཛིན།   ཨ་ཕང་གཏེར་སྟོན།   ཕེས་ཥེ་སངས་རྒྱས།   ཨ་ལགས་ཀུས་ཀྱ།   རྒན་ལམ་རིམ་པ་ངག་དབང་ཕུན་ཚོགས།    འབྲོག་མི་བྱམས་པ་བློ་གྲོས།    ཁྲི་གུང་ཐང་བསྟན་པའི་དབང་ཕྱུག་སོགས་བསྟེན་ནས་སྦྱོར་དྲུག་དང་ལམ་རིམ་གཙོའི་མདོ་སྔགས་གཞུང་ལུགས་རྒྱ་མཚོ་གསན་བསམ་ལྟར་མཐར་ཕྱིན་པ་མཛད།    བླ་དཔོན་གྱི་གོ་ས་དང་དཔལ་འབྱོར་མཆིལ་མ་བཞིན་དོར་ནས་སྐུ་ཚེ་གང་པོར་གནས་ངེས་མེད་དང་འདོད་ཆུང་ཆོག་ཤེས་བྱ་བྲལ་བཀའ་གདམས་གོང་མའི་རྣམ་ཐར་བསྐྱངས་ཤིང་།   བཞེས་པ་དཀར་ཟས་ཁོ་ན་དང་། དགེ་འདུན་པའི་སྤྱི་རྫས་སྒོར་གཅིག་གི་རྒྱུ་རྩ་ཡང་མི་བཞེས་ཤིང་སྐུ་འདའ་ཁར་ཡང་ཞལ་ཆེམས་སུ་ཁོང་གི་གདུང་མཆོད་ཀྱི་ཕྱོགས་སུ་དགེ་འདུན་པའི་རྫས་སྐར་གང་སོང་ཚེ་བདག་ལ་དེ་ལས་ལྷག་པའི་གནོད་པ་མེད་ཚུལ་གསུངས།    དུས་ཟིང་དང་རིག་གནས་གསར་བརྗེ་ཆེན་མོའི་རྐྱེན་ལས་དགོན་པའི་སྐུ་གསུང་ཐུགས་རྟེན་སོགས་བོར་བརླག་ཏུ་སོང་བ་རྣམས་སྐུ་ངལ་མང་དུ་བརྒྱུད་ནས་འཚོལ་སྡུད་མཛད་པས། ད་ལྟ་དགོན་པར་རྟེན་རྙིང་བཞུགས་ཚད་ཁོང་གི་བཀའ་དྲིན་ལས་བྱུང་བ་ཡིན།   ད་ལྟའི་སེར་ཤུལ་རྡོ་རིང་ཆེན་མོ་ཞེས་པའང་ཉམས་གསོ་མཛད། ཆོས་སྡེ་འདིར་དཔེ་ཆ་གསར་འཛུགས་གནང་ཞིང་དགོན་ནང་དུ་སྔར་སྲོལ་བཞིན་དམར་ཟས་བཞེས་མི་ཆོག་པའི་སྲོལ་བཟང་སླར་གསོ་མཛད།   དེ་ལྟར་མཛད་པ་འོད་སྣང་དཀར་པོས་རྒྱལ་བསྟན་མཛེས་པར་བྱེད་པའི་སྤྲུལ་བའི་སྐུ་རིན་པོ་ཁོང་ས་མོ་གླང་གི་ལོའི་ཟླ་བཅུ་བའི་གནམ་གང་གི་ཐོ་རངས་ལ་གཟུགས་སྐུ་རེ་ཞིག་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ།།

ཁོང་གི་སློབ་ཚོགས་ནི། ཇོ་ནང་བསྟན་པའི་མངའ་བདག་ཡོན་ཏན་བཟང་པོ་བླ་སློབ་ཏུ་གྱུར་བ་དང་།   རྒྱ་བླ་པད་མ་རྣམ་རྒྱལ།   བྱ་བྲལ་ཆོས་དབྱིངས་རང་གྲོལ།    བླ་མ་གསལ་ལྡན།   གཙང་སྤྲུལ་བློ་གྲོས་རྣམ་རྒྱལ།   ཤར་འོད་དགོན་པའི་གྲྭ་ཚང་ཡོངས་ལུང་སྐྱ་དགོན་པའི་བླ་གྲྭ་སོགས་སློབ་ཚོགས་གྲངས་མེད་དོ།།

སྐྱབས་རྗེ་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེའི་ཐུགས་སྲས་ཡོངས་ཀྱི་ཐུ་བོ་ཡོངས་རྫོགས་བསྟན་པའི་བདག་པོ་གཉན་ཐོགས་གཅོད་པ་སྐུ་ཕྲེང་གསུམ་པ་ཆོས་སྡེ་འདིའི་རྩ་བའི་བླ་མར་གྱུར་པ་སྤྲུལ་རིན་པོ་ཆེ་བློ་བཟང་ཐབས་མཁས་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་མོ་ཡོས་ཀྱི་ལོར་དངུལ་རྭའི་ལྷ་སྡེའི་གླིང་སྐོར་དུ་ཡབ་ཁྱུང་ཐར་དང་ཡུམ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས།   རྒྱ་ཞབས་དྲུང་དང་གུང་ཐང་རིན་པོ་ཆེ་གཉིས་ནས་གཉན་ཐོགས་གཅོད་པ་སྐུ་ཕྲེང་གཉིས་པའི་ཡང་སྤྲུལ་དུ་ངོས་བཟུང་།དགུང་ལོ་གཞོན་པའི་དུས་སུ་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་དུ་ཁྲི་འདོན་མཛད།   དེ་ནས་ཀློག་སློབ་པའི་སློབ་དཔོན་དུ་ཨ་ཁུ་ན་མོ་སོགས་བསྟེན་ནས་དགོན་པའི་ཚོགས་འདོན་དང་བྱང་ཆུབ་ལམ་རིམ་ཆེ་ཆུང་སྤྱོད་འཇུག་སོགས་ཐུགས་ལ་བཟུང་།   ཐོས་བསམ་དང་སྒྲུབ་པ་ཉམས་ལེན་ཟུང་འབྲེལ་མཛད།    དུས་འགྱུར་གྱི་གྲང་རེག་གིས་ཆོས་ལྡན་ཁ་བའི་ལྗོངས་འདིར་གཙེས་དེ་བོད་འབངས་སྡུག་བསྔལ་གྱིས་གཟིར་བའི་སྐབས་སུ་ཡང་བླ་མ་ཡི་དམ་སོགས་ཀྱི་བསྙེན་ཆེན་དང་། སྨྱུང་གནས་གནས་སྟོང་ཕྲག་མང་བོར་བཞུགས།   དུས་རྒྱུན་དུ་ཁོང་གི་ཉམས་བཞེས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བྱེད་ཅིང་།   གཞན་ལའང་དེ་འབའ་ཞིག་བསྒོམ་པར་གྱིས་ཞེས་ཡང་ཡང་གདམས།   ༡༩༨༥ལོར་འཕགས་ཡུལ་དུ་ཕེབས་ནས་ ༧ གོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པོར་ཞལ་མཇལ་མཛད།   ༧ གོང་ས་མཆོག་ལ་གངས་ལྗོངས་སྨོན་ལམ་ཞེས་པའི་ཆོས་ཚོགས་ཤིག་རང་དགོན་དུ་འཛུགས་རྒྱུའི་ཐུགས་འདུན་ཡོད་ཚུལ་ཞུས་པས་ལན་རྗེས་སུ་གནང་གསུངས།   ཕྱི་ཉིན་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་གནང་སྐབས་ཐུགས་རྗེ་ཆེན་པོ་ཕྱག་བཞི་བའི་སྐུ་བརྙན་ཞིག་གནང་ནས་དགོན་པར་མ་ཎི་དུང་སྒྲུབ་ཅིག་འཛུགས་ཐུབ་ན་བསྟན་འགྲོའི་དོན་ལ་དེ་ལས་ལྷག་པ་མེད་གསུངས།   དེ་ནས་ཁོང་སྐུ་འཁོར་དང་བཅས་པ་འཕགས་ཡུལ་རྡོ་རྗེ་གདན་སོགས་སུ་མཆོད་མཇལ་དུ་ཕེབས་ནས་རིམ་གྱིས་རང་དགོན་དུ་ཞབས་སོར་འཁོད།   ༧ གོང་ས་མཆོག་གི་ཐུགས་བཞེད་བཞིན་ ༡༩༨༦ལོར་མ་ཎི་དུང་སྒྲུབ་ཆེན་མོ་གསར་དུ་བཙུགས།   དེ་ནས་ལོ་རེའི་ཟླ་བ་གཉིས་པ་སྟེ་དབོ་ཟླ་བའི་ཚེས་པ་བརྒྱད་ནས་བཅོ་ལྔའི་བར་ཆད་མེད་དུ་འཚོགས་བཞིན་ཡོད།   དགོན་པའི་རྟེན་གཙོ་ཐུགས་རྗེ་ཆེན་པོ་ལས་བདུད་རྩི་བབས་པ་སོགས་རྟགས་མཚན་ལེགས་པ་མང་པོ་བྱུང་།   དགོན་འདིར་མཚན་ཉིད་གྲྭ་ཚང་གསར་འཛུགས་སོགས་ལའང་བཀའ་དྲིན་ཚད་མེད་བསྐྱངས།   རང་དགོན་མི་འགྱུར་བདེ་ཆེན་གླིང་དང་།   ཧྭ་སྐོར་དགོན་དགེ་ལྡན་ཆོས་འཁོར་གླིང་སོགས་སུ་དབང་དང་བཀའ་ཆོས་ཚད་མེད་པ་གནང་ཞིང་དོན་གཉེར་ཅན་མང་པོར་བསྙེན་རྫོགས་དང་དགེ་ཚུལ་གྱི་སྡོམ་པ་མང་དུ་བསྩལ།   དེ་ལྟར་ལུགས་གཉིས་ཀྱིས་རང་དགོན་སོགས་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ཀྱིས་སྐྱོང་བཞིན་པར། ཕྱི་ལོ་ཉིས་སྟོང་བདུན་ཏེ་ཐམས་ཅད་འདུལ་ཞེས་པ་མེ་མོ་ཕག་གི་ལོའི་ཟླ་དགུ་བའི་ཚེས་ཉེར་གཉིས་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་གྱི་ཉིན་དགོངས་པ་ཆོད་དབྱིངས་སུ་ཐིམ་པའི་ཚུལ་བསྟན་ཏོ།།

རྭ་རྒྱའི་དགེ་བཤེས་བློ་བཟང་འཇམ་དབྱངས་མཆོག་ནི། སྤྱི་ལོ་༡༩༢༠ལོར་ཡབ་གྲགས་པ་རྒྱལ་མཚན་དང་ཡུམ་མཁའ་འགྲོ་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།   དགུང་ལོ་བདུན་པར་རྭ་རྒྱའི་ཚོགས་ལ་ཞུགས།   ཇེ་སང་སྐུ་གོང་མ་དང་ཨ་ལགས་འཇིགས་རིས་གཉིས་ཀློག་སློབ་པའི་དགེ་རྒན་དུ་བསྟེན།   ཉི་ཆོས་སོགས་དགེ་བཤེས་མང་པོ་ལས་ཆོས་རིག་གི་བདུད་རྩི་བཞེས། སྔགས་སའི་འཇམ་དབྱངས་དོན་ཡོད་ཚང་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་དབང་ལུང་མང་བོ་ཐོབ།   ༡༩༦༤ལོ་ནས་ཤར་འོད་སྡེ་བར་ཕེབས།   དེ་རྗེས་དགོན་པ་བསྐྱར་གསོ་སྐབས་ཤར་འོད་དགོན་དུ་ཕེབས།   མཁན་ཆེན་བློ་བཟང་ཤེས་རབ་ཚང་སྐུ་གཤེགས་ཁར་ཁོང་གི་རྒྱལ་ཚབ་ལྟ་བུར་མངའ་གསོལ།      ༡༩༨༥ལོར་འཇིགས་བྱེད་སྒྲུབ་མཆོད་བཙུགས།   སྐལ་ལྡན་མང་པོར་དབང་ལུང་དང་།   རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་གནང་།   གསུང་རྩོམ་པོད་ལྔ་ཙམ་བཞུགས།    ཆོས་སྐྱོང་བྲན་བཞིན་འཁོར་ཞིང་འབྱུང་བ་མེས་མི་ཚིག་པ་སོགས་གྲུབ་པའི་རྟགས་མཚན་མང་པོ་བསྟན།   ཁོང་གིས་བཞེངས་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་ལས་རྒྱུན་པར་བདུད་རྩི་རང་འབབ་བྱེད།   ༡༩༨༧ལོར་སྐུ་ཞི་བར་གཤེགས།   

དེ་ལྟར་བླ་སྤྲུལ་དང་དགེ་འདུན་པ་ཡོངས་ཀྱིས་བླ་མེད་ཀྱི་འབད་བརྩོན་ལ་བརྟེན་ནས་དགོན་སྡེ་འདི་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་སྟེ།   ད་ལྟ་ཚངས་སྤྱོད་དགེ་འདུན་པ་བརྒྱ་ཕྲག་གསུམ་ལ་ཉེ་བ་ཞིག་བཞུགས་ལ།དགོན་པའི་ལྕགས་རི་ཚུན་ཆད་དུ་དམར་ཟས་ཁྱེར་ནས་འོང་མི་ཆོག་པའི་བཅས་ཁྲིམས་ད་ལྟའང་སྔར་བཞིན་ལེགས་པར་གནས་ཡོད།    སྒྲུབ་གྲྭ་སྨྱུང་གནས་གྲྭ་ཚང་ངམ་ལམ་རིམ་གྲྭ་ཚང་དང་།   བཤད་གྲྭ་དགེ་ལྡན་མདོ་སྔགས་དར་རྒྱས་གླིང་།   ཆོས་རིག་སློབ་གླིང་།   སྨན་པ་གྲྭ་ཚང་བཅས་གྲྭ་ཚང་བཞིས་གྲུབ་ཡོད།   སྨྱུང་གནས་གྲྭ་ཚང་གིས་གཙོས་གྲྭ་ཚང་སྤྱི་ནས།   ལོ་གཅིག་གི་ཟླ་རེའི་ནང་སྨྱུང་ཆེན་གསུམ་རེ་ཆག་མེད།   གྲྭ་བ་བདུན་ནས་བཅུ་ཙམ་གྱིས་དུས་རྒྱུན་སྨྱུང་གནས་ཆག་མེད། ལམ་རིམ་ཆེན་མོ་དང་ནག་ཥེའི་ལམ་རིམ་སོགས་ལ་རྒྱུན་དུ་དཔེ་གཟིགས་དང་བློ་སྦྱོང་བྱེད།   ཟླ་རེའི་ནང་དུ་དུས་བཟང་གི་གསོ་སྦྱོང་གཉིས།   ཡར་ངོས་མར་ངོས་ཀྱི་ཚེས་བཅུ་དང་ཉེར་ལྔ་ལ་མཁའ་འགྲོའི་ཚོགས་མཆོད།   བཅོ་ལྔ་ལ་ལྟུང་བཤགས་ཆོ་ག   བཅོ་བརྒྱད་ལ་ཐུགས་རྗེ་ཆེན་པོའི་བདག་འཇུག ཉེར་དགུ་ལ་འཇིགས་པ་བརྒྱད་ཀྱི་སྐྱོབ་གཏོར་བཟློག   ཟླ་དང་བོའི་ནང་སྐུ་ལྔའི་གསོལ་མཆོད།   ཆོ་འཕྲུལ་སྨོན་ལམ་ཆེན་མོ།   ཟླ་གཉིས་པའི་ནང་མ་ཎི་དུང་སྒྲུབ་ཆེན་མོ།   ཟླ་གསུམ་པའི་ནང་འཇིགས་བྱེད་སྒྲུབ་མཆོད། ཟླ་བཞི་བའི་ནང་ཐུགས་རྗེ་ཆེན་པོའི་སྨྱུང་གནས་སྒྲུབ་མཆོད་དང་། ཟླ་དེའི་ཚེས་བཅོ་ལྔ་ནས་དགོན་ལྷ་སྡེ་སེར་སྐྱ་ཡོངས་ཀྱི་སྨྱུང་གནས་ཆོས་ཚོགས་ཆེན་མོ། ཟླ་ལྔ་བའི་བཞི་རྒྱལ་ལ་བསང་དང་ལབ་ཙེ་བསེ་མཁར་བསྟོད།   དྲུག་པའི་བཅོ་ལྔ་ནས་བདུན་པའི་གནམ་གང་བར་དབྱར་གནས་ལ་བཞུགས། ཟླ་བདུན་པའི་དབྱར་གནས་ཀྱི་རིགས་སྒྲ་ཆེན་མོ།   ཟླ་བརྒྱད་པར་ཤྭ་འཆམ་ཆེན་མོ།དགུ་བའི་ཉེར་གཉིས་ལ་གཙུག་ལག་ཁང་སོགས་ལ་དཀར་རྩི་བྱུག་པ།   ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ནས་རྒྱལ་བའི་བཀའ་འགྱུར་ཆེན་མོ་གདུགས་རིང་ཁྲི་འདོན།   ཉེར་བརྒྱད་ནས་ཆོས་བསྐོར་དང་། དྲུག་ཅུ་བ། གཙུག་ཏོར་དཀར་མོའི་བཟློག་བསྒྱུར།   ཉེར་དགུ་ལ་འཇིགས་པ་བརྒྱད་སྐྱོབ་ཀྱི་གཏོར་བཟློག་སོགས་ཞིབ་རྒྱས་བཅའ་ཡིག་ལེགས་བཤད་སྐལ་བཟང་ནོར་བུའི་ཕྲེང་མཛེས་སུ་གསལ་བ་ལྟར་ལགས་སོ།།

མཚན་ཉིད་གྲྭ་ཚང་ནི་རྗེ་འགྲོ་ཕན་རྒྱ་མཚོས་ཐོག་མར་༧གུང་ཐང་བསྟན་པའི་དབང་ཕྱུག་ཚང་ལ་དགོངས་བརྟགས་ཞུས་པར།   སྔོན་གྱི་སྨྱུང་གནས་སོགས་ཕྱག་ལེན་མ་ཉམས་པའི་སྟེང་ནས་འཛུགས་ཐུབ་ན་ཤིན་ཏུ་ལེགས་པའི་གསུང་གི་གནང་བ་ཐོབ།   དགའ་ལྡན་གསེར་ཁྲི་ ༧རྗེ་འབྲོག་མི་བྱམས་པ་བློ་གྲོས་རིན་པོ་ཆེར་ཞུས་པར།   མཚན་ཉིད་གྲྭ་ཚང་ཞིག་འཛུགས་ཐུབ་ན་ཤིན་ཏུ་ལེགས།   ཡིག་ཆ་གཞན་ལའང་དགེ་མཚན་ཐུན་མིན་ཡོད་མོད།   ཁྱད་པར་པཎ་ཆེན་ཡིག་ཆ་ནི་ཚིག་ཉུང་ལ་དོན་འདུས་པ།   རྗེ་ཡབ་སྲས་ཀྱི་གསུང་ལ་མཇལ་བདེ་བ་སོགས་ཀྱི་ཁྱད་ཆོས་བླ་ལྷག་ལྡན་པས་པཎ་ཆེན་ཡིག་ཆ་ཚུགས་ཞེས་གསུངས་པ་ལྟར་འཆད་རྩོད་རྩོམ་གསུམ་གྱི་སྲོལ་བཟང་མཉམ་བཞེས་ལེགས་པར་མཛད། རྫ་དཔལ་སྤྲུལ་རིན་པོ་ཆེའི་ཡང་སྤྲུལ་དགེ་བཤེས་བློ་བཟང་བསམ་གཏན་མཆོག་གིས་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཚང་ལ་ཞུས་པར་མཚན་ཉིད་གྲྭ་ཚང་ལ་དགེ་ལྡན་མདོ་སྔགས་དར་རྒྱས་གླིང་ཞེས་མཚན་གསོལ།   

དེ་ཡང་མཚན་ཉིད་གྲྭ་ཚང་འདིར་གྲྭ་ས་ཆེན་མོའི་ཕྱག་བཞེས་ལྟར། རྩོད་རྒྱུགས་དང་། གཞུང་ཆེན་བཀའ་པོད་ལྔའི་བགྲོ་གླེང་། བློ་རྒྱུགས་ཆེན་མོ། མཚན་ཉིད་བྲིས་རྒྱུགས་སོགས་རྒྱུགས་སྤྲོད་ལེན་གྱི་རིམ་པ་དང། ངེས་དོན་གྱི་དགེ་བའི་བཤེས་གཉེན་རྣམས་ཀྱིས། ཉིན་རེར་བསྡུས་གྲྭ་དང་། བློ་རྟགས། གྲུབ་དོན་ས་གསུམ། ཚད་མ་རྣམ་འགྲེལ།   ཕར་ཕྱིན། དབུ་མ། མཛོད། འདུལ་བ། སོགས་རྒྱལ་བ་ཡབ་སྲས་ཀྱི་བཀའ་རྩོམ་སྔ་ཕྱིའི་ཞལ་བཞེས་ཀྱི་རྒྱུན་ལྟར་འཆད་ཁྲིད་ཆག་མེད་དུ་མཛད་དོ།།

ཤར་འོད་རིག་གནས་སློབ་གླིང་ནི། ལྷ་རམས་པ་བློ་བཟང་ཤེས་རབ་དང་འབྲས་རབ་འབྱམས་པ་ངག་དབང་དངོས་གྲུབ།   མཆོག་སྤྲུལ་འཇམ་དབྱངས་དོན་ཡོད་སོགས་ཀྱི་གཟིགས་སྐྱོང་དང་བཀའ་བཀོད་བཞིན།   དགའ་བདེ་རྫོང་དང་གངས་ལུང་ཡུལ་ཚོའི་རྒྱབ་སྐྱོར་འོག་སྐབས་དེའི་ཡུལ་ཚོའི་མགོ་བ་ཚེ་དབང་དང་། དགོན་པའི་འགོ་གཙོ་འཇིགས་མེད་རྡོ་རྗེ་སོགས་ཀྱི་ལྷག་བསམ་དང་འབད་བརྩོན་ལ་བརྟེན་ནས་ ༢༠༠༩ལོའི་ཧོར་ཟླ་གཉིས་པའི་ཚེས་བཅུ་གསུམ་ཉིན་སློབ་གྲྭ་གསར་དུ་བཙུགས།གངས་ལྗོངས་ཤེས་རིན་ནོར་བུའི་སློབ་གླིང་ཀི་སློབ་དེབ་གཞིར་བཞག་ནས།བརྡ་སྤྲོད།   ལོ་རྒྱུས།   བསྡུས་གྲྭ།   དག་ཡིག   ཡིག་གཟུགས། རྒྱ་ཡིག   དབྱིན་ཡིག   རྩིས་རིག   སྦྱོར་ཀློག་དང་རྒྱུན་ཤེས་ཀྱི་སློབ་གསོ་སོགས་ཆག་མེད་དུ་སློབ་སྦྱོང་བྱེད་ཀྱིན་ཡོད་ལ། སློབ་གྲྭ་འདིའི་སློབ་ཁང་སོགས་ཕྱིའི་འཁོར་ཡུག་དང་འཚོ་བའི་མཐུན་རྐྱེན་སོགས་ལ། དགེ་བཤེས་བློ་བཟང་ཤེས་རབ་དང་། སྤྲུལ་འཇམ་དབྱངས་དོན་ཡོད་དང་། རྒན་ཐང་པོ། རྒན་དམ་ཆོས་རྒྱ་མཚོ་སོགས་དགེ་རྒན་རྣམས་དང་། དགོན་པའི་ལས་ཀྱི་སྣེ་མོ་ཡོངས་ཀྱི་བཀའ་དྲིན་དང་ཐུགས་རྗེ་ལ་བརྟེན་ནས་མཐུན་རྐྱེན་ལེགས་པར་བསྐྲུན་པ་སོགས་ཀྱི་མཐུས་ཤེས་ཡོན་གྱིས་ཕྱུག་ལ་ཀུན་སྤྱོད་ལེགས་པ་བསམ་བློ་གཙང་བ་སོགས། རེ་ལྟོས་ཆེ་བའི་གཞོན་རབས་མང་པོ་ཞིག་ཤེས་རིག་གི་གླིང་ག་འདི་ནས་འཚར་ལོངས་འབྱུང་བཞིན་པ་ལགས་སོ།།

གསོ་རིག་སྨན་པ་གྲྭ་ཚང་གི་སྨན་པ་རྒན་གཞོན་དུ་མས། གསོ་རིག་རྒྱུད་བཞིར་སློབ་སྦྱོང་དང་རྒྱུགས་སྤྲོད་ཚུལ་བཞིན་གནང་སྟེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་འཕགས་སྨན་སྣ་མང་བོ་སྡེབ་སྦྱོར་དང་གསོ་རིག་སྲོལ་རྒྱུན་གྱི་ཕྱག་ལེན་ཚུལ་བཞིན་མཛད་ཀྱིན་པར་མ་ཟད། གཞན་ལ་སྨན་སྦྱིན་གཏོང་བ་དང་། ཉམ་ཐག་ནད་པ་གང་མང་གི་ཚེ་སྲོག་སྐྱོབ་པ་སོགས་རྣམ་དཀར་གཞན་ཕན་གྱི་བྱ་བཞག་ལ་བརྩོན་དང་བརྩོན་བཞིན་པ་ལགས་སོ།།

དམ་ཚིག་མིག་གི་འབྲས་ལྟར་བསྲུང་ངོ་ཞེས།།

ཆོས་པའི་བཤད་སྒྲོས་ཙམ་ཞིག་མ་ཡིན་ཏེ།།

སོ་ཐར་སྡོམ་པའི་དར་ཐག་མཐུད་པའི་ཕྱིར།།

སྐུ་སྲོག་ཐད་དུ་བོར་ལ་ལན་གཅིག་སོམས།།

གཡོ་འཕྲུལ་ཆེ་ཞིང་འགད་རྫས་མཐུ་བཙན་ཡང།

ནང་སེམས་དད་པའི་རི་མོ་གཞོམ་ཐབས་མེད།།

མིག་ཟུང་ཕྲ་མོ་ལྡེམ་པའི་ཡུལ་ཚད་ལ།།

མདོ་སྔགས་བཤད་སྒྲུབ་རྒྱལ་མཚན་མཁའ་རུ་བསྒྲེངས།།

བསོན་ནམས་ཞིང་རྟེན་ལྷུན་པོའི་མཆེད་ཟླར་བཞེངས།།

སྒོམ་སྒྲུབ་ཉམས་བཞེས་རྟོགས་པའི་ཀློང་ཟབ་བརྡོལ།།

སེམས་ཀྱི་མཛེས་པའི་བཀྲག་མདངས་སྔོན་ལས་བཀྲ།།

སྤྲེལ་སྲིན་གདུང་རྒྱུད་འདི་ལ་ཁྱད་ཆོས་ལྡན།།

རྒྱུད་སྡེ་ཟབ་མོའི་ཆོ་ག་དབྱངས་ལ་གྱེར།།

བཀའ་པོད་དགོངས་དོན་རིགས་པས་གཏན་ལ་ཕབས།།

དཀར་གསུམ་ཟས་ལ་བརྟེན་པའི་དྲང་སྲོང་བ།།

མི་འགྱུར་བདེ་ཆེན་གླིང་བ་ཕྱོགས་ལས་རྒྱལ།།

   

ཞེས་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དོན་ལྡན་ཆོས་ཀྱི་དབྱངས་སྙན་ལ་འཕྲི་སྣོན་ཅུང་ཙམ་བྱས་པ་པད་མ་དཀར་བོའི་ཆུན་པོ་ལས་འཆད་ཉན་སྒོམ་སྒྲུབ་བྱེད་ཚུལ་ཉམས་ལེན་གྱི་ཆེ་བ་སྟེ་སརྒ་ལྔ་བའོ།།

དྲུག་པ་གཙུག་ལག་ཁང་དང་བྱིན་རྟེན་ཁྱད་འཕགས་ཀྱི་དཀར་ཆག་མདོ་ཙམ་འགོད་པ་བསོད་ནམས་ཀྱི་ཆེ་བ་ནི།

དེ་ཡང་སངས་རྒྱས་བྱང་སེམས་ཀྱི་སྐུ་གསུང་ཐུགས་རྟེན་བཞེངས་པ་དང་དེ་ལ་བསྙེན་བཀུར་བྱས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ།   ཀུན་སློང་རྣམ་པར་དག་པས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པས་གནས་སྐབས་སུ་བར་ཆད་ཞི་ཞིང་།   ཚེ་བསོད་རྒྱས་པ་དང་།   ཕྱི་མར་སྐུ་གཟུགས་ལ་སོགས་པའི་རྡུལ་ཕྲན་ཅི་ཡོད་ཀྱི་གྲངས་དང་མཉམ་པའི་རྒྱལ་སྲིད་ལ་ལོངས་སྤྱོད་པར་འགྱུར་ཞིང་།གཟུགས་གཟུགས་མེད་ཀྱི་ཏིང་ངེ་འཛིན་རྣམས་ཐོབ་སྟེ།    སྐྱེ་རྒ་ན་འཆི་ལ་སོགས་པའི་སྡུག་བསྔལ་རྒྱུ་དང་བཅས་སྤངས་ནས་ཐར་བ་མཆོག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འགྱུར་བ་ཡིན་ཏེ།    གསལ་རྒྱལ་གྱིས་ཞུས་པ་ལས།   བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི།།   སྐུ་གཟུགས་རྣམ་པ་རྡུལ་ཕྲན་ཅི་སོང་བ།།   དེ་ཡི་གྲངས་རྙེད་དེ་བྱེད་མི་རྣམས་ཀྱིས།།   ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ།།   གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན།།   ཕུན་སུམ་ཚོགས་པའི་ས་མཆོག་མྱ་ངན་འདས།། ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི།།   སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ།།   ཅེས་དང་།   སློབ་དཔོན་མ་ཏི་ཙི་ཏྲས།   གཙུག་ལག་ཁང་གི་དོན་དུ་ནི།།   ཚིག་གིས་རབ་ཏུ་བསྐུལ་བ་དང་།།    ཚོགས་པ་ཡི་ནི་གྲོགས་བྱེད་ཅིང་།།   ངེས་པར་ཀུན་དུ་འགྲོ་བྱེད་པ།།   གཉིད་ལོག་པའམ་ལངས་པ་ན།།   བསོད་ནམས་རྒྱུན་ནི་ཚད་མེད་འཕེལ།།ཞེས་དད།   པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས།།   སྐུ་གསུང་ཐུགས་ཀྱི་རྟེན་བཞུགས་པའི་དྲི་གཙང་ཁང་དང་གཙུག་ལག་ཁང་དང་གནས་མལ་བཞེངས་པ་ལྟ་ཅི་སྨོས།   ཐ་ན་དེ་རྣམས་ཀྱི་སྒོ་ཁྱམས་དང་།   གཡོས་མལ་བྱེད་པའི་ཁང་ཕྲན་ཙམ་བཞེངས་པའི་ཆེད་དུ་གོམ་པ་བདུན་བརྒྱབ་ན་ཡང་ངན་སོང་དུ་མི་འགྲོ་ཞིང་ལྷ་ལུས་འཐོབ་བོ།།   ཞེས་དང་།   དད་པའི་སྟོབས་བསྐྱེད་པའི་མདོ་ལས།   འཇིགས་རྟེན་ཁམས་ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་དང་།   དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པ་བས།   འཇམ་དཔལ་རིགས་ཀྱི་བུའམ་བུ་མོ་གང་ཞིག་སངས་རྒྱས་ཀྱི་སྐུ་གཟུགས་གཅིག་རི་མོར་བྲིས་པ་འདི་ནི་བསོད་ནམས་གྲངས་མེད་པབསྐྱེད་དོ།།   ཞེས་དང་།   པད་དཀར་ལས།   གང་གི་རྩིག་ངོར་གཟུགས་གྱི་རི་མོ་དག   བསོད་ནམས་རྒྱལ་མཚན་ཡོངས་སུ་རྫོགས་པའི་སྐུ།   བདག་གི་བྲིས་སམ་འབྲི་རུ་བཅུག་ཀྱང་རུང་།།   དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར།   ཞེས་གསུངས་སོ།།

གསུང་གི་རྟེན་བཞེངས་པའི་ཕན་ཡོན་ནི་།   ཚེ་རབས་ཀུན་ཏུ་རྟེནབཟང་རྣམ་པར་དག་པ་ཐོབ་ཅིང།   སངས་རྒྱས་མཐོང་བ་དང་མི་འབྲལ་བ་གཟུངས་སྤོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་བདེ་བླག་ཏུ་ཐོབ་པར་གསུངས་ཏེ།   མདོ་ལས།   བླ་མེད་བྱང་ཆུབ་ལ་རེག་བར་དུ་ཡང་།།   དེ་ནི་ཏིང་ངེས་འཛིན་དང་མངོན་ཤེས་དང་།   གཟུངས་རྣམས་དང་ནི་གཟུགས་དང་ལོངས་སྤྱོད་དང་།   སངས་རྒྱས་མཐོང་ལས་ཉམས་པར་ཡོངས་མི་འགྱུར།   ཞེས་དང་།   སྙིང་རྗེ་པད་དཀར་ལས།   མ་འོངས་པའི་དུས་ལྔ་བརྒྱ་ཐ་མ་ན།   ཐ་ན་བྲིས་ཏེ་འཆང་བར་བྱེད་ན་དེ་ནི་བསོད་ནམས་ཆེས་མང་བོ་བསྐྱེད་པར་འགྱུར་གྱི།   བྱང་ཆུབ་སེམས་དཔའ་གང་དག་བསྐལ་བ་ཆེན་པོ་བཅུའི་བར་ཕ་རོལ་ཏུན་ཕྱིན་པ་དྲུག་ལ་སྤྱོད་པའི་བསོད་ནམས་ཀྱི་ཕུང་བོ་ནི་དེ་ལྟ་མ་ཡིན་ནོ།།   ཞེས་སྙིགས་མའི་དུས་སུ་ལྷག་པར་ཕན་ཡོན་ཆེ་བར་གསུངས་སོ།།

དེ་ལ་བསྙེན་བཀུར་བའི་ཕན་ཡོན་ནི།   མདོ་ལས།   འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ།། དེ་ཀུན་དཀོན་མཆོག་མཆོད་ལས་བྱུང་བས།།དེ་བས་བདེ་ཞིང་སྐྱིད་པར་འདོད་པས།། དཀོན་མཆོག་མཆོད་ལ་རྟག་ཏུ་བརྩོན་བྱ།།   ཞེས་དང་།   དཀོན་མཆོག་གི་རྟེན་ལ་མཆོད་བཀུར་རྒྱ་ཆེ་བ་བྱས་པར་མ་ཟད།   ཐ་ན་མེ་ཏོག་གཅིག་ཕུལ་བ་དང་།   སེམས་དད་པས་ཐལ་མོ་སྦྱར་བ་ཙམ་བྱས་པའི་ཕན་ཡོན་ལ།   གནས་སྐབས་སུ་བར་ཆད་ཞི་ཞིང་བསམ་དོན་འགྲུབ་པ་དང་།   ཕྱི་མར་ལྷ་མིའི་རྟེན་བཟང་བརྒྱུད་ནས་སངས་རྒྱས་ཐོབ་པར་གསུངས་ཏེ།   མདོ་ལས།   དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་བཅུ་འདི་ལྟ་སྟེ།   བཅུ་གང་ཞེ་ན།   རྒྱལ་བོའི་ཁྱིམ་དུ་སྐྱེ་བ་ཐོབ་པ་དང་།   རྒྱ་ཆེ་བའི་གཟུགས་དང་།   རྒྱ་ཆེ་བའི་གཡོག་འཁོར་དང་།   རྒྱ་ཆེ་བའི་མཆོད་པ་དང་བཀུར་སྟི་དང་།   རྒྱ་ཆེ་བའི་ནོར་དང་།   རྒྱ་ཆེ་བའི་ཐོས་པ་དང་།   རྒྱ་ཆེ་བའི་དད་པ་དང་།   རྒྱ་ཆེ་བའི་དྲན་པ་དང་།   རྒྱ་ཆེ་བའི་ཤེས་རབ་དང་།   རྒྱ་ཆེ་བའི་རྟོགས་པ་ཐོབ་སྟེ།     ཞེས་དང་།བྱམས་པའི་མདོ་ལས།    མེ་ཏོག་སྙིམ་པ་གང་ཙམ་མམ་མར་མེ་གཅིག་ཙམ་འབུལ་བའམ།    གཞན་གྱི་བསོད་ནམས་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ་དགེ་བ་འདི་དག་བྱེད་པའི་ལྷ་དང་མི་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུར་རོ།།   ཞེས་དང་།   སྤྱན་རས་གཟིགས་ཀྱི་མདོ་ལས།   འཇིག་རྟེན་མགོན་པོ་སྐྱོབ་པ་ལ།   དར་གྱི་དབུལ་བ་ཕུལ་བྱས་ན།།   ལྷ་ཡི་དག་དང་མི་རྣམས་ཀྱིས།།   དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར་།།   ཞེས་སོགས་མཐའ་ཡས་སོ།    དེས་ན་ཤར་འོད་དགོན་དུ་སྐུ་གསུང་ཐུགས་རྟེན་བཞེངས་ཏེ་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་བསགས་ཚུལ་ནི།   སྔོན་བྱོན་མེས་པོ་དམ་པའི་སྲོལ་རྒྱུན་ལྟར་ཕྱིའི་བཟོ་བཀོད་ལེགས་ལ་རྒྱུ་ཆ་ཕུན་སུམ་ཚོགས་པའི་ད་ལྟའི་གཙུག་ལག་ཁང་ཆེན་མོ། བྱིན་རླབས་ཀྱི་གཟི་འོད་འཕྲོ་བའི་སྔོན་གྱི་གཙུག་ལག་ཁང་དང་། སྒྲོལ་མའི་ལྷ་ཁང་། སྐྱབས་རྗེ་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་མཆོག་གི་གཟིམས་ཁང་སོགས་གཙུག་ལག་ཁང་མང་བོ་དང་། བྱིན་རླབས་ཀྱི་ཚན་ཁ་འབར་བའི་དབྱེན་སྡུམ་མཆོད་རྟེན་དང་།   ཤར་འོད་མཁན་ཆེན་བློ་བཟང་ཤེས་རབ་ཀྱིས་བཞེངས་པའི་དུས་ཚིགས་ཁྱད་པར་ཅན་རྣམས་སུ་རང་འཁོར་བྱེད་པའི་མ་ཎི་དུང་འཁོར་ཆེན་མོ་སོགས་ཡུལ་འདིའི་བསོད་ནམས་ཀྱི་དཔལ་དུ་བསྐྲུན་པའི་དུང་འཁོར་མང་བོ་དང། སྐྱངས་རྗེ་བླ་མ་ཚུལ་ཁྲིམས་རྣམ་རྒྱལ་མཆོག་གི་སྐུ་ཚད་ལྟར་བཞེངས་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང། སྲོང་བཙན་སྒམ་པོས་དངོས་སུ་ཕྱག་བཟོ་གནང་བའི་ཐུགས་རྗེ་ཆེན་པོ་ཕྱག་བཞི་བ་སོགས་སྐུ་གསུངས་ཐུགས་ཀྱི་རྟེན་ཁྱད་འཕགས་སྣ་ཚོགས།༧ གོང་ས་རྒྱལ་དབང་ལྔ་བ་ཆེན་མོ་དང་པཎ་ཆེན་བློ་བཟང་ཡེ་ཤེས་རྣམ་གཉིས་ཀྱིས་ཡུལ་འདིའི་སྡེ་དགོན་གཉིས་ལ་གནང་བའི་བཀའ་ཤོག་ཚད་ལྡན། མངའ་བདག་ཉིང་གི་གཏེར་མ་ཨོ་རྒྱན་རིན་པོ་ཆེའི་གསེར་སྐུ་དང། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་གསེར་སྐུ་གསུང་འབྱོན་མ། རྭ་ལོ་ཙཱ་བའི་སྐེད་ཕུར་དང་མཁའ་འགྲོ་མ་སི་ཁ་སིདྡྷིའི་རྐང་དུང་སོགས་སྲིད་ན་རྙེད་པར་དཀའ་བའི་རྟེན་ཁྱད་འཕགས་མང་བོ་བསོད་ནམས་ཀྱི་དཔལ་དུ་བཞུགས་པ་འདི་ལགས་སོ།།

སྲོང་བཙན་སྒམ་པོས་ཕྱག་བཟོར་གཟི་བྱིན་འཚེར།།

རྭ་ལོའི་སྐེད་ཕུར་མི་ཤིགས་རྩལ་བརྒྱ་འབར།།

སི་ཁ་སིདྡྷྰིའི་རྐང་དུང་ཐོས་འཛིན་དཔྱིད།།

རྣལ་འབྱོར་སྒྲུབ་ཤིང་ཉིང་གཏེར་ཨོ་རྒྱན་རྗེ།།

གོང་ས་ལྔ་བའི་གསེར་གྱི་བཀའ་ལུང་དང་།།

ཀུན་གཟིགས་ཆེན་པོའི་དངུལ་གྱི་བཀའ་ཐམ་ཅན།།

ཇི་སྲིད་བསྐལ་བའི་མེ་ལྕེ་མ་འབར་བ།།

དེ་སྲིད་སྡེ་འདིའི་ལུགས་གཉིས་དཔལ་དུ་དགེ།།

རིན་ཆེན་དང་བོའི་སྐུ་ལ་གྲངས་མཐའ་མེད།།

དངུལ་དཀར་མཆོད་རྟེན་རིང་བསྲེལ་གཏེར་གྱིས་ཕྱུག།

སྡེ་སྣོད་གསུམ་གྱིས་བསྡུས་པའི་ལེགས་བཤད་ཀྱིས།།

པད་མ་རི་མཐོའི་དཔངས་ཡང་དམའ་བར་བྱས།།

རྟེན་གསུམ་བཞེངས་པའི་བྱེད་པོར་བསོད་ནམས་ཆེ།།

བཞེངས་སའི་ཡུལ་ལ་བཀྲ་ཤིས་གཟི་བྱིན་ཆགས།།

ཕྱག་མཆོད་བསྐོར་བར་བྲེལ་བའི་དད་ལྡན་འགྲོར།།

རྣམ་གྲོལ་ཐར་པའི་ལམ་བཟང་མདུན་དུ་བརྐྱངས།།

ཞེས་ཤར་འོད་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དོན་ལྡན་ཆོས་ཀྱི་དབྱངས་སྙན་ལ་འཕྲི་སྣོན་ཅུང་ཙམ་བྱས་པ་པད་མ་དཀར་བོའི་ཆུན་པོ་ལས་གཙུག་ལག་ཁང་དང་བྱིན་རྟེན་ཁྱད་འཕགས་ཀྱི་དཀར་ཆག་མདོ་ཙམ་འགོད་པ་བསོད་ནམས་ཀྱི་ཆེ་བ་བརྗོད་པའི་སརྒ་སྟེ་དྲུག་པའོ།།

མཐར་སྨྲས་པ།

བཤད་སྒྲུབ་དགེ་ལེགས་མཛད་པ་བཟང་བོས་རྒོལ་ངན་ལོག་རྟོག་བག་ལ་ཞ།།

ཆོས་མཛད་གྲགས་པས་གླིང་བཞིའི་ཁྱོན་བཟུང་ཚུལ་ཁྲིམས་འཕེལ་ཁ་དར་ཞིང་རྒྱས།།

ཚུལ་ཁྲིམས་གསེར་གྱི་སྐ་རགས་ཆེར་དམ་ཕྱི་ནང་གཡུལ་ལས་རྣམ་པར་རྒྱལ། །

བསམ་བཞིན་སྲིད་པར་སྐྱེ་བ་བཟུང་བའི་སྐྱེས་མཆོག་དེ་དག་སླར་ཡང་དྲན།།

མཁས་གྲུབ་བྱེ་བའི་ཐུགས་བསྐྱེད་དགུ་ཚིགས་རྒྱས།།

མ་བཏང་པད་མ་རི་མཐོའི་ལྷ་ལམ་ཆེར།།

བཤད་སྒྲུབ་ཉི་ཟླའི་རྩེ་དགའ་རྒྱས་པའི་གཏམ།།

ཕྱོགས་དང་དུས་སུ་འཆད་ལ་སྤྲོ་བ་འཕྱུར།།

སྐྱེས་ཆེན་དམ་པའི་མཛད་འཕྲིན་མཐོང་ཐོས་ཀྱིས།།

སྐྱེ་དགུའི་རྒྱུད་ལ་ཐར་བའི་ས་བོན་བསྐྲུན།།

འཆད་ཉན་སྒོམ་སྒྲུབ་ཟབ་མོའི་སྟངས་སྟབས་ཀྱིས།།

རྒུད་པའི་སྨག་ཆེན་ཕྱོགས་ཀྱི་འཁོར་ལོར་ཐིམ།།

ཐོས་པའི་བློ་མིག་ནམ་མཁའི་མཐར་སོང་ཞིང་།།

དཔྱད་པའི་ཤེས་རབ་རབ་གྲིའི་རྣོ་དཔལ་ཅན།།

གངས་རིའི་ཕྱི་ནང་བར་གསུམ་ངོ་མཚར་གཏམ།།

གླིང་བཞིའི་ཟོམ་དུ་སྒྲོགས་དང་རིགས་ཀྱི་དགེ།།

ཁྱད་པར་དུས་འགྱུར་འཚུབ་རླུང་གདུག་རྩུབ་ཀྱིས།།

སེང་ཁྱུ་དམ་ལ་བཏགས་པའི་གསང་བ་འབུམ།།

སྨྱུ་གུའི་སྒྱུ་རྩལ་ཀློང་ནས་མ་ཐོན་ན།།

དངོས་བྱུང་ལོ་རྒྱུས་དཔང་བོ་སུ་ཡིས་བྱེད།།

བྱེད་པོ་བདག་ཀྱང་སྡོམ་གསུམ་བཅས་ཁྲིམས་གཙང་།།

མཚན་ལྡན་བཤེས་ཀྱིས་རྗེས་བཟུང་རིག་པར་གོམས།།

ས་ལམ་མཐར་ཕྱིན་སྐུ་བཞིའི་རྒྱལ་ས་ཐོབ།།

སེམས་ཀྱི་བདེ་སྐྱིད་སྩོལ་བའི་དཔལ་གྲུབ་ཤོག།

ཅེས་ཤར་འོད་ཚུལ་རྣམ་དགོན་མི་འགྱུར་བདེ་ཆེན་གླིང་གི་བྱུང་བ་མདོ་ཙམ་བརྗོད་པ་དོན་ལྡན་ཆོས་ཀྱི་དབྱངས་སྙན་ལ་འཕྲི་སྣོན་ཅུང་ཙམ་བྱས་པ་པད་མ་དཀར་བོའི་ཆུན་པོ་ཞེས་བྱ་བ་འདི་ནི། མཁན་པོ་བློ་བཟང་ཆོས་འགྲུབ་དང་མཁན་གྲགས་པ་རྒྱལ་མཚན་གཉིས་ཀྱིས་ཤར་འོད་ཚུལ་རྣམ་དགོན་མི་འགྱུར་བདེ་ཆེན་གླིང་ནས་ཕྱི་ལོ་ ༢༠༡༩ ལོའི་ཟླ་ཚེས་དགེ་བར་འཕྲི་སྣོན་མཇུག་གྲུབ་པར་བགྱིས་པ་དགེ་བར་གྱུར་ཅིག

03.png




分享到: