ཨ་ཡིག་རིག་མཛོད།

བོད་ཀྱི་ཆོས་བརྒྱུད་ཆེན་པོ་དྲུག་གི་ངོ་སྤྲོད་གནད་བསྡུས།

553

བོན་གྱི་ཆོས་བརྒྱུད།


སྔར་བོད་ཀྱི་ཡུལ་དུ་དར་བའི་ཆོས་ལུགས་ཤིག་ཡིན་པ་འདིའི་སྲོལ་གཏོད་མཁན་གཤེན་རབ་ཟེར་བའི་ལོ་དུས་ཐད་རེ་ཞིག་དཔྱད་གཞིར་བཞགཆོས་ལུགས་དེ་དར་ཆེ་བའི་སྐབས་སུ་བརྡོལ་བོན་དང་འཁྱར་བོན་བསྒྱུར་བོན་གསུམ་དུ་ཕྱེ་བའི་བོན་དཀར་དང་།བོན་ནག་གཉིས་ཡོད་ཅིང་།སྔ་དུས་སུ་ཆོས་སྤྱོད་གཙོ་བོ་ལྷ་འདྲེ་ལ་གསོལ་མཆོད་དང་།གདོན་སྲི་གནོན་པ་སོགས་ཀྱི་སྒོ་ནས་གཤིན་གསོན་རྣམས་ཀྱི་རྐྱེན་སེལ་ཁོ་ན་སྒྲུབ་པ་དང་།བོད་རྒྱལ་པུ་དེ་གུང་རྒྱལ་སྐབས་ནས་བཟུང་རྒྱལ་སྲིད་ཀྱི་འདུན་མའི་གྲོས་ཁོངས་ལ་དངོས་སུ་ཚུད་ནས་རྒྱལ་སྲིད་སྐྱོང་རོགས་བྱས།དེ་རྗེས་བོད་ཀྱི་རྒྱལ་པོས་སངས་རྒྱལ་ཀྱི་ཆོས་ལུགས་ལ་དད་པ་བྱས་པར་བརྟེན་ཆོས་བོན་གཉིས་ཀྱི་དབར་དུ་འཁོན་འཐབ་དྲག་པོ་བྱུང་བ་དཔེར་ན་ཁྲི་རལ་གྱིས་ཆོས་ལ་བཀུར་སྟི་དང་།བོན་ལ་གནོད་ཐབས་ཆེན་པོ་བྱས་པས་བོན་བློན་གྱིས་ཁྲི་རལ་བསད་པ་དང་།གླང་དར་མས་བོན་བློན་གྱི་འདོད་པ་ལྟར་ཆོས་ལུགས་སྣུབ་ཐབས་བྱས་པའི་ནང་བའི་དགེ་སློང་གིས་དར་མ་བསད་པ་སོགས་བོད་ཀྱི་རྒྱལ་རྒྱུད་སིལ་བུར་ཐོར་ཏེ་མེད་པར་འགྲོ་བའི་ཉེ་རྐྱེན་ཞིག་ཏུའང་གྱུར།ཕྱིས་སུ་ཆོས་ལུགས་འདིར་ལྟ་སྤྱོད་སྒོམ་གསུམ་སངས་རྒྱས་ཀྱི་ཆོས་ལུགས་དང་འདྲ་བའི་རིག་གཞུང་མང་བོ་ཐོན།དེ་ནས་ཡང་དུ་ཅུང་ཟད་ཉམས་དམས་སུ་སོང་བའོ།།


དག་ཡིག་གསར་བསྒྲིགས་ལས།


རྙིང་མ་པ།


ཐེག་པ་རིམ་དགུར་གྲགས་པ་གསང་སྔགས་སྔ་འགྱུར་བའི་ཆོས་ལུགས་ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་དུས་བོད་སྐད་དུ་ཐོག་མར་འགྱུར་ཞིང་།སློབ་དཔོན་པད་མ་འབྱུང་གནས་ཀྱིས་དར་རྒྱས་སུ་སྤེལ་བའི་རིང་ལུགས་འཛིན་མཁན་རྗེས་འབྲང་དང་བཅས་པ།


ཚིག་མཛོད་ཆེན་མོ་ལས།


ས་སྐྱ་པ།


རབ་བྱུང་དང་པོའི་དུས་སུ་འཁོན་དཀོན་ཅོག་རྒྱལ་པོ་ཞེས་པས་སྲོལ་གཏོད།ས་ཆེན་ཀུན་དགའ་སྙིང་པོ་སོགས་གོང་མ་རྣམ་ལྔས་དར་རྒྱས་སུ་བཏང་ཞིང་།གསུང་ངག་ལམ་འབྲས་ཆོས་ཀྱི་སྙིང་པོར་བྱེད་པའི་རིང་ལུགས་འཛིན་མཁན་རྗེས་འབྲང་དང་བཅས་པ།དེ་ལ་ཆོས་རྒྱུད་དང་གདུང་རྒྱུད་གཉིས་ཡོད།རབ་བྱུང་བཞི་པར་ས་པཎ་ཁུ་དབོན་ཧོར་གྱི་རྒྱལ་པོ་དང་མཆོད་ཡོན་དུ་འབྲེལ་བ་ལ་བརྟེན་ནས་ས་སྐྱ་པས་ལོ་གྲངས་བརྒྱ་ཙམ་གྱི་བར་དུ་བོད་ཁམས་ཡོངས་ལ་དབང་བསྒྱུར་ཏེ་ཏཱ་དབེན་གོང་མ་རྒྱལ་པོའི་ལུང་བཞིན་བླ་མས་ཆོས་ཀྱི་བྱ་བ་མཛད་ཅིང་།ཆོས་དང་མཐུན་པའི་འཇིག་རྟེན་གྱི་བཀའ་གནང་།དཔོན་ཆེན་རྣམས་ཀྱིས་སྲིད་ཀྱི་བྱ་བ་མཛད།རབ་བྱུང་དྲུག་པའི་ནང་སྲིད་དབང་ཕག་མོ་གྲུ་པར་ཤོར།


ཚིག་མཛོད་ཆེན་མོ་ལས།



བཀའ་བརྒྱུད་པ།


བོད་དུ་དར་བའི་ནང་བསྟན་ཆོས་ལུགས་ཀྱི་གྲུབ་མཐའ་ཆེན་པོ་ལྔའི་ནང་གསེས་ཤིག་ཡིན་ཅིང་།གྲུབ་ཆེན་ཏེ་ལོ་པ་ནས་བརྒྱུད་པའི་བཀའ་བབས་ཀྱི་གདམས་པའི་བརྒྱུད་འཛིན་ཡིན་པས་བཀའ་བརྒྱུད་པ་ཞེས་གྲགས་པ་ཡིན།དེ་ཡང་གྲུབ་ཆེན་ཏེ་ལོ་པ་ལ་བཀའ་བབས་བཞིའི་གདམས་པ་ཡོད་པ་སྟེ།བཀའ་བབས་དང་པོ་ནི།རྒྱལ་བ་རྡོ་རྗེ་འཆང་ནས།རྒྱལ་པོ་ཨིནྡྲ་བོ་དྷི།ཀླུ་ལས་གྱུར་པའི་རྣལ་འབྱོར་མ།ས་བདག་བྷི་སུ་ཀལྤ།གྲུབ་ཆེན་ས་ར་ཧ།མགོན་པོ་ཀླུ་སྒྲུབ།གྲུབ་ཆེན་ཏེ་ལོ་པ་སྟེ།གསང་བ་འདུས་པ་དང་།རྡོ་རྗེ་གདན་བཞི།ནཱ་རོ་ཆོས་དྲུག་གི་སྒྱུ་ལུས་དང་།འཕོ་བའི་བཀའ་བབས་ཡིན།བཀའ་བབས་གཉིས་པ་ནི།རྒྱལ་བ་རྡོ་རྗེ་འཆང་།ཡེ་ཤེས་ཀྱི་མཁའ་འགྲོ་མ།གྲུབ་ཆེན་ཀུ་ཀུ་རི་པ།གྲུབ་ཆེན་ཙརྱ་པ།ཏེ་ལོ་པ་སྟེ་སྒྱུ་མ་ཆེན་པོ་དང་།ནཱ་རོ་ཆོས་དྲུག་གི་རྨི་ལམ་གྱི་བཀའ་བབས་ཡིན།བཀའ་བབས་གསུམ་པ་ནི།རྒྱལ་བ་རྡོ་རྗེ་འཆང་།ཕྱག་ན་རྡོ་རྗེ།གྲུབ་ཆེན་ཊོམ་བྷི་ཧེ་རུ་ཀབི་ན་བཛྲ།ལ་ཝ་པ།ཏེ་ལོ་པ་སྟེ།འཁོར་ལོ་བདེ་མཆོག་སོགས་མ་བརྒྱུད་མཐའ་དག་དང་།ནཱ་རོ་ཆོས་དྲུག་གི་འོད་གསལ་གྱི་བཀའ་བབས་ཡིན།བཀའ་བབས་བཞི་པ་ནི།རྡོ་རྗེ་འཆང་།ཕྱག་ན་རྡོ་རྗེ།སློབ་དཔོན་ཡན་ལག་མེད་པའི་རྡོ་རྗེ།ཞིང་པ་པདྨ་བཛྲ།ཌྰ་ཀི་མ་སྐལ་བ་བཟང་མོ།ཏེ་ལོ་པ་སྟེ།དགྱེས་པ་རྡོ་རྗེ་དང་།ནཱ་རོ་ཆོས་དྲུག་གི་གཏུམ་མོའི་བཀའ་བབས་ཡིན།གོང་གསལ་བཀའ་བབས་བཞིའི་གདམས་པ་ཆ་ཚང་བ་ལྷོ་བྲག་མར་པ་ལོ་ཙཱ་ལ་བརྒྱུད་པ་སྟེ།པཎ་ཆེན་ནཱ་རོ་པ་དང་།མངའ་བདག་མེ་ཏྲི་པ།དཔལ་ཞི་བ་བཟང་པོ།གྲུབ་ཆེན་ཡེ་ཤེས་སྙིང་པོ་བཅས་བླ་མའི་གཙོ་བོ་བཞི་དང་།གཞན་ཡང་པཎྜི་ཏ་དང་།གྲུབ་ཐོབ་མཁའ་འགྲོ་མ་སོགས་བླ་མ་བརྒྱ་དང་བདུན་ཅུ་ལྷག་ཙམ་བསྟེན་ནས་གསན།དེ་ནས་བོད་དུ་ཕེབས་རྗེས་བཀའ་བབས་བཞིའི་གདམས་པ་རྣམས་འཆད་སྤེལ་མང་དུ་མཛད་པ་ལས།མན་ངག་དང་།བཤད་རྒྱུད་འཛིན་པའི་སློབ་མ་ཀ་ཆེན་བཞི་སྟེ།མི་ལ་རས་པ།མེས་སྟོན་ཚོན་པོ།རྔོག་ཆོས་སྐུ་རྡོ་རྗེ།མཚུར་སྟོན་དབང་གི་རྡོ་རྗེ་བཅས་བྱུང་ཞིང་།རྗེ་བཙུན་མི་ལ་རས་པ་དང་དེའི་སློབ་མ་མཉམ་མེད་དྭགས་པོ་ལྷ་རྗེ་ནས་བཀའ་ཕྱག་ཆུ་བོ་གཉིས་འདྲེས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་འཕེལ་རྒྱས་བྱུང་བར་བརྟེན།བཀའ་བརྒྱུད་ཆེ་བཞི་དང་ཆུང་བརྒྱད་བཅས་རིམ་བཞིན་བྱུང་བ་ཡིན།


དུང་དཀར་ཚིག་མཛོད་ཆེན་མོ་ལས།


རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་གསང་སྔགས་ཀྱི་གདམས་པའི་བཀའ་བབས་ཀྱི་ཆོས་བརྒྱུད་འཛིན་མཁན་ཞིག་སྟེ།བོད་དུ་དེའི་རིང་ལུགས་སྲོལ་འབྱེད་གྲུབ་ཆེན་ཁྱུང་པོ་མཁས་གྲུབ་ནས་བརྒྱུད་པ་ལ་ཤངས་པ་བཀའ་བརྒྱུད་དང་།ལྷོ་བྲག་མར་པ་ནས་བརྒྱུད་པ་ལ་དྭགས་པོ་བཀའ་བརྒྱུད་ཟེར།དྭགས་པོ་ལའང་ནང་གསེས་ཕྱེ་ན་ཀརྨ་དང་། ཚལ་པ།འབའ་རོམ། ཕག་གྲུ་བཅས་བཞི། ཕག་གྲུ་ལ་ཡང་འབྲི་གུང་དང་།སྟག་ལུང་།འབྲུག་པ།གཡའ་བཟང་། ཁྲོ་ཕུ། ཤུག་གསེབ།ཡེལ་པ།སྨར་ཚང་རྣམས་སོ་སོར་ཕྱེ་ཡོད།


ཚིག་མཛོད་ཆེན་མོ་ལས།


ཇོ་ནང་བ།


དུས་རབས་བཅུ་གཅིག་པར་ཡུ་མོ་མི་བསྐྱོད་རྡོ་རྗེས་གཞན་སྟོང་གི་སྲོལ་བཏོད།ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཀྱིས་ཇོ་མོ་ནང་དུ་དགོན་པ་བཏབ།ཕྱིས་དོལ་པོ་བ་ཤེས་རབ་རྒྱལ་མཚན་དང་།ཏཱ་ར་ན་ཐ་སོགས་ལས་བརྒྱུད་པའི་ཆོས་ལུགས་ལ་ཇོ་ནང་བ་ཞེས་གྲགས།

ཚིག་མཛོད་ཆེན་མོ་ལས།


དགེ་ལུགས་པ།


རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ཡབ་སྲས་ཀྱིས་སྲོལ་བཏོད་དར་རྒྱས་མཛད་པའི་མདོ་སྔགས་བཤད་སྒྲུབ་ཟུང་འབྲེལ་གྱི་རིང་ལུགས་འཛིན་མཁན་རྗེས་འབྲང་དང་བཅས་པ།དགེ་ལུགས་པའི་གྲྭ་པ་རྣམས་ཀྱི་ཆོས་གོས་དང་ཞྭ་མོ་ཚང་མ་སེར་པོ་ཡིན་པས་ཞྭ་སེར་པའང་ཟེར།

03.png

分享到: