ཨ་ཡིག་རིག་མཛོད།

མཁན་རབས་སོ་གཅིག་པ་གཙང་མཁན་པོ་བློ་གྲོས་རབ་གསལ།

71

      ཁན་རབས་སོ་གཅིག་པ་གཙང་གི་མཁན་པོ་བློ་གྲོས་རབ་གསལ་ལམ་ཆོས་ཀྱི་གྲགས་པ་ནི་རབ་བྱུང་བཅུ་བདུན་པའི་མེ་སྦྲུལ་སྟེ་ཕྱི་ལོ1977ལོར་ཕ་ཡབ་གཙང་ཐུབ་བསྟན་ཤེས་རབ་དང་མ་ཡུམ་ཟངས་མཁར་སྤྲུལ་སྐུ་ཟླ་བའི་འོད་ཟེར་གྱི་སྲས་མོ་ཆོས་དགའ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་དགུང་གྲངས་བདུན་པར་རབ་བྱུང་གི་གོས་གསོལ། ཕྱི་ལོ1988ལོར་ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་གི་སྤྱན་སྔར་རབ་བྱུང་དང་བསླབ་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་བློ་གྲོས་རབ་གསལ་དཔལ་བཟང་པོ་ཞེས་གསོལ།


   དགུང་གྲངས་བཅུ་གསུམ་པར་རྫོགས་ཆེན་གྱི་རྣལ་འབྱོར་བ་ཆེན་མོ་ཨ་སྐྱོང་བླ་མ་རྟོགས་ལྡན་རིན་པོ་ཆེ་འདུན་ནས་སྔོན་འགྲོ་བསགས་སྦྱངས་དང་བཅས་པ་སོང་ནས་ཐུན་མིན་གྱི་ཆོས་སྐོར་ཚིག་གསུམ་གནད་བརྡེགས་དང་ཁྲག་གཅོད་ནམ་མཁའ་སྤྲིན་བྲལ།སེམས་ངོ་མཛུབ་ཚུགས་ཀྱི་གདམས་ངགལྟ་བ་མཁར་ལྡིང་བཅས་རྫོགས་པ་ཆེན་པོའི་ཆོས་ཚན་མང་དུ་ཐོབ།དགུང་གྲངས་ཉེར་གཅིག་ལོ་ནས་སྟོང་སྐྱབས་ཆོོས་གྲྭར་ཞུགས་ཏེ་མཁན་ཆེན་བློ་བཟང་སྙན་གྲགས་དང་མཁན་ཐུབ་བསྟན་སྦྱིན་པ་སོགས་ཀྱི་མདུན་ནས་སྐྱབས་འགྲོའི་ཆོས་སྐོར་དང་བསྡུས་གྲྭ། བློ་རྟགས་དང་བཅས་པ་ཞུས། ཡང་མཁན་ཆེན་ཚང་གི་མདུན་ནས་འཇམ་མགོན་བླ་མ་ཙོང་ཁ་བ་ཡབ་སྲས་ཀྱི་གསུང་འབུམ་ཆ་ཚང་གི་ལུང་དང་སྲད་བརྒྱུད་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ལུང་སོགས་ལེགས་པར་ཐོབ།


   ལོ་དེར་མཁན་ཆེན་སྦྱིན་པ་རྒྱ་མཚོའི་མདུན་ནས་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་སོགས་ཐོབ་ཅིང་འབུམ་ལྔ་རྒྱས་པར་བསོག ཕྱི་ལོ 2001ལོ་ནས་དགེ་བའི་བཤེས་གཉེན་ཆེན་མོ་ཀུན་གསལ་རྒྱ་མཚོའི་མདུན་ནས་ཚད་མ་སོགས་གཞུང་ཆེན་ཀ་པོད་ལྔ་བློ་སྦྱོང་དང་བཅས་པ་བགྲང་བྱ་བཅུ་གསུམ་ལ་གསན།དགུང་གྲངས་ཉེར་བཞི་པར་དགེ་འདུན་གྲངས་ཚང་བའི་དབུས་ནས་མཁན་ཆེན་བློ་བཟང་སྙན་གྲགས་ལས་བསྙེན་པར་རྫོགས་ཤིང་མཚན་སྔ་ལྟར་གསོལ། དགུང་གྲངས་ཉེར་དྲུག་སྟེང་མཁན་ཆེན་སང་གིས་ཐུགས་བཀོད་ལྟར་རང་དགོན་གྱི་དགེ་རྒན་གྱི་འགན་བཞེས། སྐུ་ན་ཕྲ་མོའི་དུས་ནས་བཟུང་སྟེ་དམ་ཆོས་འདུལ་བའི་ཕྱོགས་ལ་ཉམས་བཞེས་མཛད་ཚུལ་ལ་ཀུན་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར།དགུང་གྲངས་སུམ་ཅུ་པར་སྟོན་པ་བཀའ་དྲིན་ཅན་གྱི་གནས་ཆེན་ཁག་ལ་ཕེབས་གནང་མཛད་དེ་འཕགས་མཆོག་ཕྱག་ན་པདྨོ་མི་ཡི་ཤ་ཚུགས་སུ་གྲུབ་པ་སོགས་དམ་པ་དུ་མའི་མདུན་ནས་བྱང་ཆུབ་སྤྱོད་འཇུག་ཆེན་མོ་བཅས་དབང་ལུང་ཁྲིད་གསུམ་གྱི་གདམས་ངག་མང་དུ་གསན། ཕྱི་ལོ་2006ལོ་ནས་བཟུང་རང་དགོན་གྱི་ཆོས་དད་མང་ཚོགས་སྤྱི་ལ་སྔགས་ཀྱི་སྨྱུང་གནས་ཀྱི་སྡོམ་པ་དང་ཐེག་ཆེན་གསོ་སྦྱོང་གི་སྡོམ་ལུང་ཟླ་བ་རེ་རེའི་ཉ་སྟོང་ལ་རྒྱུན་མ་ཆད་པར་གནང་།


     ལོ་དེར་རང་དགོན་དུ་མཁན་ཁྲིར་མངའ་གསོལ་ནས་ཐོག་མཐའ་གཉིས་ལ་ལོ་ལྔའི་རིང་ལས་ཐོག་མཁན་པོའི་འགན་བཞེས། དགུང་གྲངས་སོ་གསུམ་ནས་དགེ་མང་མཁན་པོ་པདྨ་དབང་རྒྱལ། རི་ཤེས་མཁན་ཆེན་བསྟན་པའི་རྒྱལ་མཚན། ཁང་སར་སྤྲུལ་སྐུ་བསྟན་པའི་དབང་ཕྱུག། ཨ་ལག་རྐེ་ཀྱ་རིན་པོ་ཆེ། རྡོ་གྲུབ་ཐུབ་པ། གྲུབ་དབང་ལུང་རྟོགས་རྒྱལ་མཚན། སྒོ་རུ་ཨ་ལགམཆོག་སྤྲུལ་གར་དབང་ཉི་མ། བྱ་བྲལ་ཆོས་དབྱངས་རང་གྲོལ། ཞེ་ཆེན་རམ་འབྱམས།དགེན་འབྲུག་གྲགས་རིན་པོ་ཆེ། དགེན་ཚུལ་ཁྲིམས། དགེན་དར་རྒྱས། ར་རྒྱའི་དར་རྒྱས། ཨ་ཁུ་བརྩོན་འགྲུས། མཁན་ཐོས་ལྔན་རིན་པོ་ཆེ། རྫོགས་ཆེན་སྤྲུལ་སྐུ་པདྨ་སྐལ་བཟང་བཅས་ཀྱི་མདུན་ནས་སྙིང་ཐིག་ཡ་བཞིའི་དབང་ལུང་མན་ངག་དང་བཅས་གསན། མགོ་ལོག་འཇང་དགུན་ཆོས་ཚོགས་ཆེན་མོའི་གྲ་སྒྲིག་ཚན་ཆུང་གི་འགན་ལོ་གསུམ་ལ་ཞེས། ད་ལྟ་དགུང་གྲངས་ཞེ་གསུམ་པར་སློབ་བུ་དུ་མ་ལ་འཆད་ཁྲིད་གནང་བཞིན་རང་དགོན་སྟོང་སྐྱབས་སུ་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་སྐྱོང་བཞིན་བཞུགས་ཞེས་དམ་པ་གང་གི་མཆེད་གྲོགས་སུ་གྱུར་པ་བསོད་ནམས་ཟབ་མོའི་དཔལ་ལ་དགའ་བ་སྒོམ་མཁན་ཁྲི་མིང་བས་བྲིས་པ་ཛཡནྟུ།


03.png


分享到: