གདན་རབས་སོ་བརྒྱད་པ་སིདྡྷི་སྤྲུལ་སྐུ་གཞན་ཕན་བདེ་བའི་ཉི་མ།409
གདན་རབས་སོ་བརྒྱད་པ་སིདྡྷི་སྤྲུལ་སྐུ་གཞན་ཕན་བདེ་བའི་ཉི་མ་མཆོག་ནི་ལྕགས་གུང་གཏེར་ཆེན་ཨོ་རྒྱན་འགྲོ་མགོན་གླིང་བའམ་གསང་བའི་མཚན་ལ་ཁྲག་འཐུང་རོལ་བའི་རྡོ་རྗེ་དང་མ་ཡུམ་སེར་ཤུལ་འབྲོང་བཟའ་ལབ་གྱི་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ས་མོ་ལུག་སྟེ་ཕྱི་ལོ་1919ལོར་བོད་ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན་ངོ་མཚར་བའི་བལྟས་བཟང་དུ་མ་བཅས་རྨ་ཡུལ་བོང་སྟག་གོང་མའི་ས་ཆ་རུ་སྐུ་བལྟམས། ཁྱིམ་གྱི་དབང་གིས་ཕ་དངོས་ཏེ་ཨ་རིག་བསོད་དར་ཡིན། ཁོང་གི་སྤུན་ཆེ་བ་རྫ་རྭ་སྐྱེའི་སྤྲུལ་སྐུ་ཆོས་བྷ་དང་མ་གཅིག་པའི་མིང་སྲིང་ལ་བླ་མ་གཡུ་སྒྲ། ཇོ་མོ། ཞོ་ལོ་བཅས་ཡོད། སྐུ་ན་ཕྲ་དུས་སུ་ཟངས་མདོག་དཔའ་རིའི་ཞིང་ཁམས་སུ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་ཞལ་མཐོང་བ་སོགས་དག་པའི་གཟིགས་སྣང་དང་རིགས་དྲུག་འཁོར་བའི་གནས་ཀུན་ཏུ་རང་དང་རང་གི་ལས་སྣང་ལས་གྲུབ་པའི་དུཿཁ་སྣ་ཚོགས་མྱོང་བ་སོགས་མ་དག་པའི་གཟིགས་སྣང་བསྟུད་མར་མཐོང་བས་སྟོན་དང་བསྟན་པའི་བཀའ་དྲིན་དང་ཐར་བ་དམ་པའི་ཡོན་ཏན་ལ་བཅོས་མིན་གྱི་དད་པ་རྟག་ཏུ་འཁྲུངས། སྡུག་བསྔལ་རྒྱ་མཚོར་བྱིང་བའི་སེམས་ཅན་ཐམས་ཅད་ལ་བཟོད་པ་མེད་པའི་སྙིང་རྗེ་དང་མཐའ་མེད་འཁོར་བའི་འཁྲུལ་སྣང་ཐུགས་སུ་སུན་པའི་སྐྱོ་བ་མཛད་ཅེས་འདོད་འཇོ་ནོར་བའི་འཁྲི་ཤིང་དུ་བཀོད་ལ་གཞན་ཁོང་གི་རྣམ་ཐར་ཆེ་ཆུང་དྲུག་ཙམ་ཁོ་བོས་ལག་ཏུ་སོན་པ་དང་སྔོན་ཡང་གདན་རབས་སུ་འགོད་ཐུབ་མེད་པ་དེའི་ཕྱིར་ད་ལྟ་རྒྱས་བསྡུས་འཚམས་ཤིང་བཀའ་དྲིན་འཇལ་བའི་ཐབས་སུ་ཁོང་གི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆུ་ཐིགས་ཙམ་ཞིག་བརྗོད་ན། རྣམ་ཐར་འབྲི་སྟངས་མང་པོ་ཡོད་པ་ལས་ཁོ་བོས་ནི་གཙོ་བོ་ཁོང་གི་གསུང་གི་མཛད་པ་གཏན་ཚིགས་སུ་སྨྲ་བར་འདོད་པའི་ལུགས་སུ་བྱས་ན། སྤྱིར་བཏང་དམ་པ་དེ་དག་ནི་ཡེ་གདོད་མ་ནས་རྒྱལ་བ་རྡོ་རྗེ་འཆང་དང་གཉིས་སུ་མེད་ཀྱང་གདུལ་བྱའི་སྣང་བ་སོ་སོར་ཐ་མི་དད་པའི་སྐྱེ་བོ་ཕལ་བའི་བསམ་སྤྱོད་དང་མཐུན་པའི་རྣམ་པར་ཐར་བ་ཅུང་ཟད་ཙམ་ཞིག་འཆད་པར་འདོད་དོ།། དེ་ཡང་གཏེར་སྟོན་རྣམས་ཀྱི་ལུང་གིས་ཟིན་ཀྱང་བསམ་བཞིན་སྤྲུལ་བའི་ཟློས་གར་ཆེན་པོ་ལས་རང་དབང་མེད་པར་ལས་ཀྱིས་དེད་པ་ནི་ག་ལ་ཡིན་ཏེ་བདུད་འཇོམས་ཐུགས་སྤྲུལ་ཀུན་བཟང་ཉི་མའི་དམ་ཆོས་གྲོལ་བའི་ཐིག་ལེའི་ཁ་བྱང་འབྲིང་པོ་ཞེས་བྱ་བ་ལས། རྨ་ཁམས་ཨ་ཡུལ་ཕྱོགས་སུ་པདྨའི་མཚན།། བཻ་སྤྲུལ་ས་ལུག་ཕྱག་མཐིལ་ཤ་མཚན་ཅན།། འགྲོ་དོན་ཟབ་ཆོས་འདི་ཉིད་འཕྲད་གྱུར་ན།། འབྲེལ་ཚད་དཔལ་རིའི་ཞིང་དུ་ཁྲིད་པར་ངེས་ཞེས་གསུངས་པ་ལྟར་ཁོང་གི་འཁྲུངས་སའི་ཡུལ། མཚན་གྱི་ཆ་ཤས། སུ་ཡི་སྤྲུལ་པ། འགྲོ་དོན་མཛད་ཚུལ། དགུང་སྙིང་སོགས་གསལ་བོར་གསུངས་འདུག་ལ་རོང་བོ་ལྷ་རྒྱལ་དཔལ་གྱིས་བྲིས་པ་དེའི་ནང་དུ་ཕྱག་ཡུལ་ཞེས་པ་ཞིག་བྲིས་འདུག་ཀྱང་ནང་དོན་ཅི་ཡིན་མ་ཤེས། ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་ཐུགས་སྤྲུལ་གར་དབང་ཚོགས་དྲུག་རང་གྲོལ་གྱི་དགོངས་གཏེར་བླ་མ་བདེ་གཤེགས་རང་གྲོལ་གྱི་ཁ་བྱང་ལས། ཚེ་ལྷ་རྨ་རྒྱལ་སྦོམ་རའི་མདུན་ཉིད་དུ།། པད་མ་འགྲོ་འདུལ་རྡོ་རྗེ་ཞེས་བྱ་བ།། རྒྱུད་དང་སྒྲུབ་ཐབས་བསྟན་པའི་བདག་པོ་འབྱུང་།། དེ་འཕྲད་དུས་ཀྱི་རྒུད་པ་མཐའ་དག་སེལ།། གང་འབྲེལ་འཁོར་བ་ངན་སོང་ལས་གྲོལ་ནས།། བདེ་ལྡན་དག་པའི་ཞིང་དུ་ཨེ་མ་ཧོ་ཞེས་ཁོང་གིས་ཀྱང་འཁྲུངས་གནས་དང་མཚན་སོགས་ཤིན་ཏུ་གསལ་བོར་བསྟན་པ། རིག་འཛིན་འཇའ་ཚོན་སྙིང་པོའི་ཡང་སྤྲུལ་གཏེར་ཆེན་ཤེས་རབ་རྒྱ་མཚོས་ཁོང་ལ་ཧ་ཅང་ཐུགས་དགྱེས་པའི་གསུང་མོལ་ཡང་སྔོན་ཁྲ་མོ་གླིང་དུས་སུ་ཁྱོད་ནི་འབྲུ་སྒ་སྡེ་ཆོས་སྐྱོང་བེར་ནག་དང་། ང་ཉིད་འབྲུ་སྲས་ནམ་མཁའ་ཐོག་རྒྱལ་ཡིན་ཏེ། སྔོན་ཚེ་ཕ་དང་བུ་ཡི་ལས་འབྲེལ་གྱིས་ད་ལྟ་ལུང་རྟོགས་ཆོས་གྱི་འབྲེལ་བ་ཨེ་མ་ལ་ཞེས་གཏེར་ཡིག་དང་བརྡ་ཚིག་སོགས་མང་པོ་ལུང་གིས་ཟིན་པ་ལྟར་དོན་ལའང་དེ་ལྟར་གནས་པའི་ངེས་ཤེས་སྐྱེ་ཙམ་བྱུང་ངོ་།། དགུང་གྲངས་བཅུ་གསུམ་པ་སྟེ་ཕྱི་ལོ་1931ལོ་ནས་བཟུང་ཁོང་གི་ཐུགས་དགོངས་སུ་གཏེར་ཆོས་འགའ་རེ་ཤར་ནས་འབྲི་རྒྱུ་ཡོད་ལ་མ་བྲིས་ན་ཐུགས་ཧ་ཅང་མི་བདེ་བ་དང་ཇི་ལྟར་བཞུགས་ཀྱང་བཟོད་དཀའ་བ་བྱུང་། ཡིན་ནའང་ཡི་གེ་འབྲི་ཀློག་གི་ཡོངས་འཛིན་ཡང་ལེགས་པོ་ལྡན་མ་མྱོང་བ་དང་གཏེར་ཆོས་འབྲི་བྱེད་ཀྱི་མཐུན་རྐྱེན་ཡང་ཡེ་ནས་མེད་པར་རི་མགོ་ནས་རྡོ་གཡའ་མ་དང་ཤིང་ཤུན་སོགས་ལ་གཏེར་ཆོས་དེ་དག་བྲིས་ཏེ་རླུང་ལ་བསྐུར་བ་ན་སྐུ་ཁམས་བདེ་ཞིང་ཐུགས་དྭངས་པར་འགྱུར་རོ།། སྤྱིར་བཏང་སྐྱེ་བོ་ཕལ་བ་ཞིག་གིས་ལོ་བཅུ་གསུམ་སྟེང་ནས་རྩོམ་འབྲི་བ་ལྟ་ཅི་བསམ་མི་ཤེས་པའི་ཚད་ཙམ་ཡིན། དམ་པ་ཁོང་གི་གསུངས་ཆོས་ཀྱི་ངོ་མཚར་བའི་ཁྱད་ཆོས་སོགས་གཤམ་དུ་འཆད་པར་བྱའོ།། དགུང་གྲངས་བཅུ་བཞི་པ་སྟེ་ཕྱི་ལོ་1932ལོར་གཏེར་ཆོས་སྲིད་ན་དཀོན་པ་དེ་དག་མཛད་པའི་དབུ་བཟུང་སྟེ་སྲིད་ན་དཀོན་པའི་གསུང་ཆོས་མང་དུ་བརྩམས་སོ།། དགུང་གྲངས་བཅོ་ལྔ་བ་སྟེ་1933ལོར་ཁོང་གི་མ་ཡུམ་དགོངས་པ་རྫོགས་པས་ཐུགས་སྐྱོ་ཚད་མེད་མཛད་ཅིང་རབ་བྱུང་གི་གོས་གསོལ། སྤྱིར་བཏང་ཁུ་བོ་བློ་གྲོས་ཚེ་རིང་དང་ཤ་ཚང་སྤྲུལ་སྐུ་ཀུན་མཁྱེན་རྣམ་གཉིས་ཀྱི་མདུན་ནས་འབྲི་ཀློག་ཐོ་རེ་བ་ཙམ་ལས་བྱང་ཆ་མི་ལྡན་ནའང་དགོང་ཞག་ཞེ་དགུའི་རིང་ཀར་གླིང་ཞི་ཁྲོ་སོགས་ཉིན་རེར་དཔེ་ཆ་སྣ་རིང་མ་ཤོག་ལྷེ་དྲུག་ཅུ་ལྷག་ཐོགས་པ་མེད་པར་ཤེས། ཁྱད་པར་དུ་གར་དབྱངས་ཐིག་གསུམ་ཕྱག་རྒྱ་དང་བཅས་པ། བཅའ་འབུད་རྡུང་གསུམ་ཕྱག་ལེན་དང་བཅས་པར་བཞེད་མང་སོ་སོའི་ལུགས་ལྟར་ཕན་ཚུན་མ་འདྲེས་གསལ་བར་སྦྱངས་པ་གནང་ནས་སྐྱེས་ཐོབ་ཀྱི་ཤེས་རབ་འགྲན་ཟླ་དང་བྲལ་བ་བྱུང་། དེ་ནས་ལོ་དེའི་ས་ག་ཟླ་བར་ཚ་ཁོ་སྤྲུལ་སྐུ་ཡེཤེས་དོན་རྟོགས་ཚང་གི་སྐུ་མདུན་ནས་སྙིང་ཐིག་སྔོན་འགྲོ་འབུམ་ལྔ་ཆོས་བཅུ་བསགས་སྦྱང་དང་བཅས་པ། བདེ་ཆེན་ཞིང་ཁྲིད། ཕ་དམ་པའི་དིང་རི་བརྒྱད་རྩའི་ཁྲིད་ལུང་སྦྲགས་མ་སོགས་གསན་བསམ་རྒྱ་ཆེར་མཛད་དོ།། དགུང་གྲངས་བཅུ་དྲུག་པ་སྟེ་ཕྱི་ལོ་1934ལོར་འཕགས་མཆོག་ཕྱག་ན་པདྨོ་མིའི་རྣམ་པར་རོལ་བ་མ་ཎི་བླ་མ་པདྨ་སི་ལོ་ཚང་གི་སྐུ་མདུན་ནས་དགེ་བསྙེན་གྱི་བསྡོམས་པ་བཞེས་ཤིང་སྐྲ་ཕུད་ཞུས་ཏེ་མཚན་ལ་ཚུལ་ཁྲིམས་བཟང་པོ་ཞེས་གསོལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་རྣམ་ཐར། མ་ཎི་བཟླས་དབང་། སྤྱོད་འཇུག་ལེའུ་བཞི་མའི་ཁྲིད། མ་ཎི་བཀའ་འབུམ་སོགས་ཀྱང་ཞུས། ཨ་པང་གཏེར་ཆེན་དཔའ་བོ་ཆོས་དབྱིངས་རྡོ་རྗེ་ཚང་གི་སྐུ་མདུན་ནས་ཐུགས་རྗེ་ཆེན་པོ་པད་དཀར་ཕྲེང་བའི་དབང་དང་རྟོགས་ལྡན་ཉམས་ཁྲིད་སོགས་ལ་ཐོས་བསམ་མི་དམན་པ་མཛད་དོ།། དགུང་གྲངས་བཅུ་བདུན་པ་སྟེ་ཕྱི་ལོ་1935ལོར་མགོ་ལོག་མཁར་ནང་དགོན་པའི་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་ཚང་གི་སྐུ་མདུན་ནས་སྙིང་ཐིག་སྡུག་བསྔལ་རང་གྲོལ་གྱི་དབང་དང་གཏེར་གསར་གྱི་དབང་ལུང་ཁྲིད་གསུམ་ཁ་ཤས་ཐོབ། དེ་ནས་ཞེ་ཆེན་རབ་འབྱམས་ཚང་གི་སྐུ་མདུན་ནས་སྐུ་གསུམ་ཆོ་གའི་དབང་ལུང་ཆ་ཚང་བཅས་བཀའ་ཆོས་མང་དུ་ཐོབ། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས་ཀྱི་དྲུང་དུ་རྗེ་ལམ་རིམ་ཆེན་མོའི་ཁྲིད་ལུང་ཐོབ་ལ་སྐུ་ཞོགས་ཨ་ཀ་བློ་བཟང་བསྟན་པའི་ཉི་མ་ཚང་གི་སྐུ་མདུན་ནས་དུས་འཁོར་དབང་ཆེན་དང་ལམ་རིམ་བསྡུས་དོན་གྱི་ཁྲིད་ལུང་བཅས་དབང་ལུང་ཁྲིད་གསུམ་གྱི་གདམས་པ་བུམ་པ་གང་བྱོས་ཀྱི་ཚུལ་དུ་ཞུས། ཁོང་གི་ཐུན་མིན་གྱི་རྩ་བའི་བླ་མ་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་ཡིན་ཞེས་གསུངས། དགུང་གྲངས་བཅོ་བརྒྱད་པ་སྟེ་ཕྱི་ལོ་1936ལོར་བདུད་འཇོམས་རིན་པོ་ཆེའི་སྐུ་སྲས་ཀར་དབང་གསང་བདག་གླིང་བའི་སྐུ་མདུན་ནས་དཔལ་ལྡན་བདུད་འཇོམས་པའི་གསུང་ཆོས་ཡོངས་རྫོགས་ཀྱི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ལམ། ཐོས་བྱེད་ཀྱི་ལུང་ཆ་ཚང་ལན་གྲངས་གཉིས་ཀྱི་བར་དུ་གསན་ཞིང་རྟོགས་པའི་གདེང་ཚད་རྙེད། མཁས་པའི་གོ་འཕངས་བརྙེས། གྲུབ་པའི་དངོས་གྲུབ་ཐོབ་སྟེ་རྣལ་འབྱོར་བ་ཆེན་མོར་གྱུར། གཞན་ཡང་སྙིང་ཐིག་སྡུག་བསྔལ་རང་གྲོལ་གྱི་དབང་ལུང་། སངས་རྒྱས་སྟོང་དབང་། ཐུན་མོང་མ་ཡིན་པའི་གནས་ལུགས་རང་བྱུང་གི་རྒྱུད། ཐོད་རྒལ་ཟླ་དྲུག་མ། གཏེར་གསར་གྱི་གཅོད་ཁྲིད་སོགས་བདུད་རྩིའི་རྒྱུད་བཟང་གིས་ཐུགས་རྒྱུད་ལེགས་པར་བལྟམས། བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རིན་པོ་ཆེ་འདི་བས་ཁོང་ལ་དམིགས་བཀར་གྱི་ཐུགས་རྩིས་ཤིན་ཏུ་ཆེ། དགུང་གྲངས་བཅུ་དགུ་བ་སྟེ་ཕྱི་ལོ1937ལོར་ཁོང་གི་ཐུན་མོང་མ་ཡིན་པའི་བཀའ་དྲིན་གསུམ་ལྡན་གྱི་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་ཚང་དགུང་གྲངས་རེ་གཅིག་ཏུ་སོན་པ་ལ་ཞག་བརྒྱ་བཞུགས་པའི་སྐབས་སུ་བླ་སྤྲུལ་ཆིག་བརྒྱ་ཉེར་ལྔ་དང་། སློབ་བུ་སྟོང་ཕྲག་ལྷག་བཞུགས་པ་ལ་གཏེར་གསར་གྱི་དབང་ལུང་ཆ་ཚང་གི་ཆོས་ཀྱི་བདུད་རྩིས་བུམ་པ་གང་བྱོས་ཀྱི་ཚུལ་དུ་བཀའ་དྲིན་བླ་མེད་བསྐྱངས། སློབ་ཚོགས་དེ་དག་ལས་དམ་པ་ཁོང་ལ་ཚེ་རིང་ལོ་བརྒྱའི་དཀར་ཡོལ་ནང་དུ་ཕྱག་ཡིག་སྐུ་གསུམ་དར་ཁ་དང་བཅས་པ་གནང་སྟེ་ཁྱེད་ཀྱི་མཚན་ལ་སྤྲུལ་སྐུ་གཞན་ཕན་བདེ་བའི་ཉི་མ་ཟེར་ཞེས་གསུངས་ཤིང་མ་འོངས་པ་ན་ཐམས་ཅད་ལན་ཚྭ་ཆུའི་ནང་དུ་བཏབ་པ་ལྟར་འཁོར་སློབ་སྤྲིན་གྱི་འདུ་བ་བཞིན་དུ་རྒྱས། ལྷག་པར་ཁྱེད་ལ་མཚན་འདི་ཐོགས་སོང་ན་སྤྱིར་སངས་རྒྱས་བསྟན་པ་རིན་པོ་ཆེ་དང་ནང་དགོས་སུ་གཏེར་གསར་ཚང་གི་བསྟན་པ་ལ་ཕན་ངེས་ཡིན་ཞེས་གསུངས། གསེར་ས་འོག་ཏུ་གནས་ཀྱང་འོད་མཁའ་རུ་འཕྲོས་པའི་དཔེ་ལྟར་བླ་སྤྲུལ་བརྒྱ་ཕྲག་མང་པོ་ལས་ཁོང་གི་ཡོན་ཏན་ཉི་ཟླ་བཞིན་ལྷང་ངེར་གསལ་བ་ཁྱབ་བསྒྲགས་བྱས་ཤིང་མཚན་དེ་ཐོགས་དགོས་པའི་བཀའ་སློབ་མང་དུ་མཛད་དོ།། དགུང་གྲངས་ཉི་ཤུ་པ་སྟེ་ཕྱི་ལོ1938ལོའི་ཉིན་ཞིག་ལ་བཀའ་དྲིན་མཉམ་མེད་ཀྱི་རྩ་བའི་བླ་མ་རིན་པོ་ཆེ་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ་མཆོག་གིས་བླ་མ་སིདྡྷི་སྤྲུལ་བའི་སྐུ་གཞན་ཕན་བདེ་བའི་ཉི་མ་དཔལ་བཟང་བོ་དང་སློབ་བུ་ཕོ་མོ་བཞི་ལྔ་ཞིག་སྐུ་མདུན་ལ་བོས་ཏེ་ཐོད་རྒལ་ཟླ་དྲུག་མའི་ལུང་གནང་ནས་ཁོང་དང་ཤེས་རབ་སྒྲོལ་མ་གཉིས་ཀྱི་དབུ་ཐོག་ཏུ་ཕྱག་གཡས་གཡོན་གཉིས་བཞག་ཅིང་ཐུགས་བསྐྱེད་སྨོན་ལམ་གསུངས་ནས་འདི་དང་ཁྱེད་གཉིས་ཐབས་ཤེས་ཟུང་འབྲེལ་གྱིས་ཤིག་ཅེས་བཀའ་གསུངས་གནང་བ་ལྟར་རིག་མར་བཞེས་ཤིང་ཀུན་ཀྱིས་དར་ཁ་འཐེན་ཞེས་འདོད་འཇོ་ནོར་བུའི་འཁྲི་ཤིང་དུ་བཤད་པ་ལྟར་ཨོཾ་སྭ་སྟི་རྗོད་ཅིང་རྟེན་འབྲེལ་བསྒྲིགས། དགུང་གྲངས་ཉེར་གཅིག་པ་སྟེ་ཕྱི་ལོ་1939ལོར་བདུད་འཇོམས་རིན་པོ་ཆེའི་ལུང་གིས་ཟིན་པའི་ཚུལ་ཁྲིམས་རྡོ་རྗེའི་དྲུང་དུ་སྤྲུལ་སྐུ་དྲི་མེད་ཀྱི་གསུང་ཆོས་དང་དབུས་བཟའ་མཁའ་འགྲོ་མའི་གསུང་ཆོས་ཕལ་ཆེ་བའི་དབང་ལུང་གསན་སྦྱོང་མཛད། དབལ་ཤུལ་བླ་མ་བསོད་ནམས་མཁས་གྲུབ་ཀྱི་དྲུང་ནས་ཞི་ཁྲོ་འཕྲད་ཚད་རང་གྲོལ་གྱི་དབང་དང་མགའ་ར་བླ་མ་ཆོས་འགྲུབ་ཀྱི་དྲུང་ནས་བདེ་ཆེན་ཞིང་ཁྲིད། བར་དོའི་དྲུག་ཁྲིད། རྒྱལ་སྲས་ལག་ལེན་སོགས་མང་དུ་གསན་བཞེས་མཛད། གཞན་ཡང་འདི་དག་གི་དུས་སྔ་ཕྱི་ཅི་རིགས་སུ་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ། ཚ་ཁོ་སྤྲུལ་སྐུ་ཡེ་ཤེས་དོན་རྟོགས། མ་ཎི་བླ་མ་པདྨ་སིདྡྷི། ཞེ་ཆེན་རབ་འབྱམས། ཁྲ་དགེ་སློང་ཚུལ་ཁྲིམས་དར་རྒྱས། ཨ་རིག་དགེ་བཤེས་ཆེན་མོའི་ཡང་སྤྲུལ་ཨ་ཀ་བློ་བཟང་བསྟན་པའི་ཉི་མ། གར་དབང་གསང་བདག་གླིང་བ། དབལ་ཤུལ་བླ་མ་བསོད་ནམས་མཁས་གྲུབ་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོས་བླངས་ཏེ་ཀ་དག་ཁྲག་ཆོད་དང་ལྷུན་འགྲུབ་ཐོད་རྒལ། བྱང་ཆུབ་ལམ་རིམ་རྒྱས་བསྡུས་སྣ་ཚོགས་དང་གཅོད་ཁྲིད་སོགས་ལ་རྩེ་གཅིག་ཏུ་སྒྲུབ་པར་གཞོལ་བས་ཉམས་རྟོགས་མཐའ་རུ་ཕྱིན་ཏེ་སློབ་དཔོན་པདྨ་འབྱུང་གནས་དང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡུམ་འཁོར་ལོ་རྗེས་འདེབས་མ་སོགས་རྩ་གསུམ་ལྷ་ཚོགས་ཀྱི་ཞལ་མངོན་སུམ་དུ་མཇལ། ཟབ་ཆོས་དབང་ལུང་ཁྲིད་གསུམ་ཐོབ་པ་གྲངས་ལས་འདས་སོ་ཞེས་གསུངས་པ་ནང་བཞིན་ཟབ་གནད་ཡང་ཏིག་གི་གདམས་པའི་བང་མཛོད་ལྟ་བུར་གྱུར་ཏོ།། དགུང་གྲངས་ཉེར་གཉིས་པ་སྟེ་ཕྱི་ལོ1940ལོར་ལོ་ཆེན་བེཻ་རོ་ཙ་ན་ཡིན་པས་ཉམས་སྣང་སྣ་ཚོགས་ཤར་བ་སོགས་སྔོན་གནས་རྗེས་སུ་དྲན་ཏེ་སྐྱེ་ཕྲེང་གསོལ་འདེབས་འདི་ལྟར་གསུངས། ཨེ་མ་ཧོ། སྔོན་ཚེ་སྟོན་པའི་སྤྱན་སྔར་ཀུན་དགའ་བོ།། པད་འབྱུང་བསྟན་པའི་སྲོག་ཤིང་བཻ་རོ་རྗེ།། རླུང་སེམས་འཕོ་བའི་གྲུབ་བརྙེས་ནག་པོ་སྤྱོད།། སྲོང་བཙན་དྲུང་དུ་ཐོན་མི་སམྦྷོ་ཊ།། སྣང་བཞི་མཐར་ཕྱིན་ཤེས་རབ་འོད་ཟེར་གྲགས།། ཚོགས་དྲུག་རྒྱན་ཤར་སྣ་ཚོགས་རང་གྲོལ་དང་།། ཟབ་གཏེར་མངའ་བརྙེས་ཨོ་རྒྱན་གཏེར་བདག་གླིང་།། གཞན་སྣང་དབང་སྒྱུར་འཇམ་དབྱངས་མཁྱེན་བརྩེ་རྗེ།། རྫུ་འཕྲུལ་མཆོག་བརྙེས་སྟག་ཕུ་འགྲོ་འདུལ་གླིང་།། གཅིག་བསྡུས་གཞན་ཕན་བདེ་བའི་ཉི་མ་མཆོག་ཅེས་སྲིད་ན་དཀོན་པའི་ཤུལ་བཞག་གི་གཏེར་ཆོས་དེ་དག་སྤྱིར་མགོ་ལོག་པའི་གཟི་བརྗིད་དང་དགོས་ཨ་སྐྱོང་གོང་མ་ཚང་གི་བསྟན་པའི་ཁུར་རྒན་གྱི་སྐྱེས་བུ་རླབས་ཆེན་ཞིག་འཁྲུངས་བའི་ཚུལ་ལོ།། དགུང་གྲངས་ཉེར་གསུམ་པ་སྟེ་ཕྱི་ལོ1941ལོར་སྐུ་འཚམས་སུ་བཞུགས་པའི་སྐབས་ཤིག་ལ་ཡུལ་གྲུ་རྒྱུས་མེད་མཛེས་ཤིང་ལྟ་ན་སྡུག་པ། བྲག་རི་དང་རྫ་རི་མཐོན་པོ་རྩེ་མོ་དགོང་ལ་བསྙེགས་པ། རི་ཀླུང་ཀུན་ཏུ་ནགས་ཚལ་དང་མེ་ཏོག་གིས་བརྒྱན་པ། ཉག་ཁའི་ལབ་ཙེའི་མདུན་ཁ་ལྷོ་ཕྱོགས་སུ་འཁོར་བ། མདུན་ཕྱོགས་གཙང་བོའི་བཞུར་རྒྱུན་ལྷུང་ལྷུང་དུ་འབབ་པ། རྒྱབ་རི་མཐོན་པོ་ཨ་སྔོན་དབྱིངས་སུ་བསྙེགས་པའི་དགོན་ཤུལ་ཞིག་ཏུ་ཕེབས་པ་ན། བུད་མེད་ལྕང་ལོ་སྔོ་སང་ངེ་མཆིས་པ་ཞིག་བར་སྣང་ཁམས་ནས་འཕུར་ཡོང་བ་དེ་ལ་ཁོང་གིས་དད་པའི་ངང་ནས་ཁྱེད་སུ་ཡིན་ཞུས་པས་ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཡུམ་འཁོར་ལོ་རྗེས་འདེབས་མ་ཡིན་གསུངས། ཁྱེད་གང་ནས་ཡོང་ཞུས་པས། ང་ནི་སྟེང་མེ་རི་འབར་བའི་ཞིང་ཁམས། ཡུལ་གཞན་མིིན་ཁྱོད་ཀྱི་སྣང་བ་ཞེས་ཧབ་དགོད་ཅིག་བྱས་ཏེ། གནས་འདི་ཁྱོད་ཀྱི་ཨེ་ཤེས་ཞེས་གསུངས་པར་ཁོང་གིས་མི་ཤེས་ཞེས་ལན་བཏབ། དེ་ནས་ཡུམ་འཁོར་ལོ་རྗེས་འདེབས་མའི་ཞལ་ནས། ལྟག་གི་དགོན་པ་འདི་ཁྱོད་ཀྱི་དགོན་པ་ཡིན། ཐེངས་གསུམ་ལ་ཆགས་འཇིག་འོང་བཅས་མཉམ་སྣང་ཤར་བ། མ་འོངས་ལུང་བསྟན་སོགས་མང་དུ་མཆིས་པ་ཁོང་གི་རྣམ་ཐར་འདོད་འཇོ་ནོར་བུའི་འཁྲི་ཤིང་དུ་གསལ་བས་འདིར་ཡོངས་རྫོགས་མ་བྲིས་སོ།། དགུང་གྲངས་ཉེར་བཞི་བ་སྟེ་ཕྱི་ལོ་1942ལོར་སི་ཁྲོན་མདོ་དགོན་གྱི་བླ་མ་གཏེར་སྟོན་གར་དབང་ཚོགས་དྲུག་རང་གྲོལ་མཆོག་གིས་ཁོང་གི་ཆོས་བདག་ཡིན་ཞེས་གསུངས་ནས་ཁོང་རྣམ་པ་གཉིས་ལྷན་ཅིག་ཏུ་རྨ་མདུན་མཚོའི་གནས་མཆོག་དང་། དྷིཿགནས་བྲག་དཀར་མཚམས་ཁང་ནས་སྐུ་མཚམས་ལ་བཞུགས། སྐབས་ཤིག་ཁོང་རྣམ་གཉིས་ལ་བྲོ་ཁ་ཆད་ཅིང་དམ་བཅའ་མི་འདོར་བར་སྐུ་མཚམས་སུ་བཞུགས་ཤིང་ཉམས་སྣང་ཤར་བ་ལྟར་བྲོ་བསྐྱལ་བ་དང་ནད་ཡམས་སེལ་བ་སོགས་གྲུབ་པའི་དྲོད་རྟགས་མཐའ་ནས་རྒྱས་པའི་རྣམ་ཐར་ཤིན་ཏུ་མང་ངོ་།། དགུང་གྲངས་ཉེར་ལྔ་པ་སྟེ་ཕྱི་ལོ་1943ལོར་གཏེར་སྟོན་གར་དབང་ཚང་དང་ཁོང་རྣམ་གཉིས་ལྡོམ་ཁོང་གི་སའི་ཆར་བཞུགས། ཁོང་གིས་འཇིག་རྟེན་འདིའི་སྣང་བ་འགག་ཏེ། རང་རིག་པདྨ་རྒྱལ་བོ་ཉིད་དང་འདུ་འབྲལ་མེད་པའི་ཉམས་མགུར་གྱི་ཚུལ་དུ་འདི་ལྟར་གསུངས་ཏེ། ཨེ་མཿ སྣང་སྲིད་འཁོར་འདས་འོག་མིན་ཉམས་དགའ་ཡི་ཞིང་ན༔ རང་རིག་བླ་མ་མཚོ་སྐྱེས་རྡོ་རྗེ་ཡི་རྣམ་རོལ༔ རོ་གཅིག་རྟོགས་པ་རྫོགས་ཆེན་རྣལ་འབྱོར་གྱི་ཁྱད་ཆོས༔ རང་ལུས་འགུལ་སྐྱོད་བདེ་སྟོང་བྲོ་གར་གྱི་རང་བཞིན༔ རྟོགས་ཚོགས་གང་ཤར་ཆོས་སྐུ་ཉག་གཅིག་གི་རོལ་བ༔ དགའ་སྡུག་རེ་དོགས་ནམ་མཁའ་སྤྲིན་བྲལ་གྱི་ཡོ་ལངས༔ གཞན་ཕན་བྱང་སེམས་ཉི་ཟླའི་འོད་མདངས་རང་རྒྱས་བྱུང༔ གཟུགས་སྣང་དག་པ་དཔའ་བོ་མཁའ་འགྲོ་ཡི་གྲོང་ཁྱེར༔ སྒྲ་གྲགས་དམ་པ་ཆོས་ཉིད་རང་བྱུང་གི་རང་སྒྲ༔ བཟང་བཏུང་འདོད་ཡོན་ཟག་བྲལ་ཚོགས་འཁོར་གྱི་རང་བཞིན༔ ཉིན་མཚན་བར་མེད་འོད་གསལ་ཁོར་ཡུག་གི་རྣལ་འབྱོར༔ དགའ་འོ་སྐྱིད་དོ་གསང་ཆེན་ཉམས་བྱུང་གི་གླུ་དབྱངས༔ ལྷོ་སྤྲིན་སྨུག་པོ་མཁའ་ལས་ཕང་ཕུང་དུ་འཁྲིགས་ཤིང༔ གཡུ་འབྲུག་སྔོན་མོའི་ངར་སྐད་ལྷང་ལྷང་དུ་གྲགས་ཚེ༔ བཅོས་མིན་ཐོལ་བྱུང་འདི་འདྲ་དབང་མེད་དུ་ཐལ་ལོ༔ ཧ་ཧ༔ཞེས་གསུངས་པ་དང་། ལོ་དེའི་དགུན་ཁར་ཉམས་མགུར་གྱི་ཚུལ་དུ་ཡང་། གཞི་གྲོལ་ཆོས་སྐུའི་དགོངས་པ་གཡོ་མེད་ལ༔ བློ་བྱས་མཚན་འཛིན་རྟོག་པ་དོར་ནས་ཀྱང༔ ཡེ་སྟོང་ཡིན་པས་ཡང་སྟོང་བྱེད་མི་དགོས༔ རང་གདངས་ལོངས་སྐུ་ཡིན་པས་འགག་མི་དགོས༔ རིག་རྩལ་སྤྲུལ་སྐུ་ཡིན་པས་སྤང་མི་དགོས༔ རྩ་བྲལ་བློ་འདས་ཡིན་པས་འཛིན་མི་དགོས༔ རྟོག་ཚོགས་རང་གྲོལ་ཡིན་པས་དག་མི་དགོས༔ འཁོར་འདས་དག་མཉམ་གཉེན་པོ་བཙལ་མི་དགོས༔ སྔ་མ་བྱ་ལམ་ཡིན་པས་དཔྱད་མི་དགོས༔ ཕྱི་མ་རྩ་བྲལ་ཡིན་པས་བསུ་མི་དགོས༔ རང་སྣང་ཞིང་ཁམས་ཡིན་པས་བགྲོད་མི་དགོས༔ རང་རིགས་སྐུ་གསུམ་ཡིན་པས་རེ་མི་དགོས༔ སྣང་བ་མཐའ་ཡས་ཡིན་པས་མེད་མི་དགོས༔ སྟོང་བ་ཕྱོགས་མཚམས་འདས་པས་གཏད་མི་དགོས༔ སྣང་སྟོང་དབྱེར་མེད་ཡིན་པས་བསྲེ་མི་དགོས༔ ཡུལ་མེད་ཟང་ཐལ་ངང་དུ་མདའ་མི་དགོས༔ གཉུག་མའི་བཙན་ས་ཟིན་པས་འཁྲུལ་མི་དགོས༔ ཞེས་དང། ཨེ་མ༔རང་སྣང་ཞིང་ཁམས་རྟོགས་ན་བསྒོམས་བྱ་མེད༔ རང་རིགས་སངས་རྒྱས་རྟོགས་ན་བསྐྱེད་བྱ་བྲལ༔ སྒྲ་གྲག་སྔགས་སུ་རྟོགས་ན་བཟླས་བརྗོད་བྲལ༔ དྲན་རྟོག་འོད་གསལ་རྟོགས་ན་ཆོས་སྐུ་རྫོགས༔ ཞེས་བསམ་གྱིས་མི་ཁྱབ་ཅིང་བརྗོད་ཀྱིས་མི་ལང་བའི་གཏེར་ཆོས་སམ་བརྩམས་ཆོས་ངོ་མཚར་ཅན་མང་དུ་གསུངས་སོ།། ལོ་དེར་ཁོང་གིས་མགར་ལྕགས་རོང་ནུས་ལྡན་རྡོ་རྗེ་ཚང་ལ་སྐུ་སྙུང་ལྗིད་མོ་ཞིག་བཞེས་ཡོད་པ་སངས་དྲག་ཏུ་བཏང་བ་དང་མགར་བླ་མའི་ཐུགས་ལ་ཧ་ཅང་ཡ་མཚན་འཁྲུངས་སྟེ་ཕུར་བ་བདུད་དཔུང་གཡུལ་འཇོམས་ཀྱི་ཆོས་བདག་ཡིན་ཞེས་ཀྱང་གསུངས་སོ།། དགུང་གྲངས་ཉེར་དྲུག་པ་སྟེ་ཕྱི་ལོ་1944ལོ་ནས་བཟུང་དགུང་གྲངས་བཅུ་དྲུག་གི་རིང་རྒྱལ་ཁམས་ཕྱོགས་མེད་དུ་འགྲིམ་ཞིང་གདུལ་བྱའི་བློ་དང་མཐུན་པའི་ཆོས་འཁོར་རྒྱ་ཆེར་བསྐོར་ཏེ་རྣམ་ཐར་འདོད་འཇོ་ནོར་བུའི་འཁྲི་ཤིང་ལས། དུས་བབ་ཀྱི་སྐལ་བཟང་གདུལ་བྱའི་རྒྱལ་ཁམས་ཕྱོགས་མེད་དུ་ཕེབས་པ་ལ་རྨ་ཀླུང་གཡུ་འབྲུག་སྔོན་མོའི་སྟོད་རྒྱུད་ཀྱི་ནུབ་བྱང་ཕྱོགས་ནས་གཟིགས་མའི་ཁྲ་རིང་རི་རྒྱུད་མན་ཆད་དང་ཨ་ལགས་ནོར་མཚོ་ཚུན་ཆད། ལྷོ་ནུབ་ནས་ཁྲ་ལ་ཀ་མན་ཆད་དང་རྫ་མ་མོའི་ཤ་ལ་དེའུ་ཚུན་ཆད། ཤར་ལྷོ་ནས་རྔ་བའི་ཨ་འཁྱམས་ཝ་འབའ་ཆུ་འདྲེས་ཡན་ཆད་དང་འཛི་སྐའི་མྱི་ནག་ཤུག་མདའ་ཚུན་དང་སྡོང་ངེའི་ལྡང་མདའ་ཚུན་ཆད། བྱང་ངོས་ནས་དབོ་བའི་ཚྭ་མཚོ་ཚུན་ཆད་དང་ན་ཕོ་ཁ་ཡན་ཆད། ཁྱེབ་དཀར་མོའི་གཙང་ཤོད་ཚུན་ཆད། བྱང་ཤར་ནས་གཤུ་མདའ་སྟོང་ཁོག་ཚུན་ཆད་དང་སྐུང་གསེར་ཁ་མདོ་ཡན་ཆད་སོགས་སྤྱི་ལེ་གྲུ་བཞི་མ་ཆིག་འབུམ་ལྷག་གི་མགོ་ལོག་ཨ་སྐྱོང་ཁག་གསུམ་སྟེ། ཨ་སྐྱོང་གོང་མ་ཚང་། ཨ་སྐྱོང་ཁང་རྒན་ཚང་། ཨ་སྐྱོང་ཁང་གསར་ཚང་། དབང་ཆེན་སྟོད་སྨད། སྟག་ཐོག་སྟོད་སྨད། ཨ་སྐྱོང་ཨ་མཆོད་ཚང་། ཨ་སྐྱོང་རྭ་ལོ་ཚང་། པདྨ་འབུམ་དཔོན་ཁག་བརྒྱད། མཁར་ནང་སྟོད་པ། འབོས་ལམ། འབོས་ཚ་རུ་མ། ལྕགས་ཤུལ། དགེ་རྩེ་ཁྲ་རྫོང་། དྷིཿམདའ། པཎ་ཆེན། ལྕགས་རི་ཐང་། ཚ་ཁོ་སོགས་དང་། སི་ཁྲོན་ཞིང་ཆེན་ལས་རྔ་ཁོག་སྟོད་སྨད། ཨ་མདོ་དཔོན་ཁག་བརྒྱད། དམེ་རི་སྟོད་སྨད། ཉག་རོང་ཨ་སྲས། རྨ་ཆུའི་བྱང་རྒྱུད་དུ་རོང་བོ་བློན་ཆོས་རྨ་རྒྱལ་མཚོ་དྲུག།ཤ་བྲང་ཚོ་དྲུག།ཨ་ཚོགས་ལྷ་སྡེ། བན་ཀྱཱ་བོང་སྟག།བདུད་ཤུལ་ཚོ་བརྒྱད་སོགས་ཡུལ་གྲུ་ཐམས་ཅད་ལ་ཞབས་ཀྱིས་བཅགས་ཤིང་བྱིན་གྱི་བརླབས་པ་དང་ཆོས་འཁོར་ངོམས་མེད་བསྐོར་ཏེ་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་ནས་དབུ་སྐྱབས་འགྲོ་ནས་དམིགས་རྩེ་མ། གུ་རུ་སིདྷི། མ་ཎི། སྒྲོལ་མ། བདེ་ཆེན་ཞིང་ཁྲིད་དང་ཞིང་དབང་། བར་དོའི་དྲུག་ཁྲིད། འཕོ་བའི་ཁྲིད། སྔོན་འགྲོའི་ཁྲིད་སོགས་གནས་འགྱུར། གྲོགས་འགྱུར། སྔགས་འགྱུར་གྱི་སྒོ་ནས་ཆོས་དགེ་བ་དཀར་པོའི་བསྐུལ་མ་དུང་ཕྱུར་འབུམ་ཕྲག་འགའ་འགྲུབ། ཆོས་ཐོག་རེ་རེ་ནས་ཞག་བརྒྱ་ལ་བཞུགས་པ་ཡང་ཉུང་དུས་སུ་མི་གྲངས་ཆིིག་སྟོང་ལྔ་བརྒྱ་དང་དུས་ཆེན་ནམ་ཚོགས་འཁོར། དབང་ལུང་གི་སྐབས་སུ་སུམ་སྟོང་ནས་བཞི་སྟོང་། ཞག་བརྒྱ་གྲོལ་སྐབས་བསྔོ་བ་དང་སྨོན་ལམ་གསུང་པའི་སྐབས་སུ་མི་གྲངས་ཆིག་ཁྲི་ལས་བརྒལ་བ་རྣམས་ལ་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་བར་མཛད་ཅེས་གསུངས་པ་ལྟར་བསྟན་འགྲོའི་སྤྱི་དཔལ་ཆེན་པོར་གྱུར་བའི་སྐབས་སོ།། དགུང་གྲངས་བཞི་བཅུ་པ་ཕྱི་ལོ་1959ལོར་བསྐལ་བའི་འཕེལ་འགྲིབ་རླུང་གིས་སྐྱོད་ཅིང་མི་འདོད་ཉེར་མཚེའི་ཡོངས་སུ་མནན་ཏེ་ལོ་ངོ་ཉི་ཤུའི་རིང་ཁྲི་མུན་དྲག་པོའི་འོག་ཏུ་བཞུགས་དགོས་བྱུང་། འདིའི་རིང་ལ་རྣམ་པ་འགྱུར་ཞིང་འཆི་བ་ལ་རང་དབང་འབྱོར་བའི་བརྡ་དང་ལྷའི་ལུང་བསྟན་གསུངས་ཏེ་མ་འོངས་འབྱུང་འགྱུར་གྱི་གདུལ་བྱ་ངོས་འཛིན། གཟིགས་སྣང་གི་རི་མོ་རྒྱལ་ཁམས་ཕྱོགས་བཞིར་ཁྱབ་སྟེ་རང་ས་ཟིན་པའི་ཁྱད་ཆོས་སོགས་ཕལ་བའི་སྐྱེ་བོའི་བློ་ལས་འགོངས་བའི་རྣམ་ཐར་ཤིན་ཏུ་མང་མོད་འདིར་ཡིག་ཚོགས་ལ་འཇིགས་ནས་མ་བྲིས། དོན་གཉེར་ཆེ་ཞིང་རྣམ་དཔྱོད་མངའ་བ་དག་གིས་འདོད་འཇོ་ནོར་བུའི་ཐང་མ་གདོལ་ཅིག་གོ། དགུང་གྲངས་རེ་གཅིག་པ་སྟེ་ཕྱི་ལོ་1979ལོར་བཙོན་གྲོགས་རྒྱ་བཟའི་སྐུ་ལོ་འཇིགས་མེད་ཚང་དང་། གཉེར་བ་དཔལ་བཟང་། དབལ་ཤུལ་པདྨ་ཚུལ་ཁྲིམས་སོགས་ཀྱིས་ཁོང་ལ་མྱ་ངན་ལས་མི་འདའ་བའི་གསོལ་བ་ཡང་ཡང་བཏབ་པས་ཁོང་གིས་ཀྱང་ཉམས་སྣང་སོགས་ཇི་བཞིན་གསུངས་ནས་ཐམས་ཅད་སྤྲོ་སེམས་འཁོལ་བར་མཛད་དེ་དགུང་གྲངས་ཉེར་བཞིའི་སྐུ་ཚེ་ཕབ་ཡོད་པར་བཤད། དབུ་སྐྲ་དཀར་བོ་དུང་མདོག་འདྲ་བ་དེ་སླར་ཡང་གཞོན་ནུའི་ལང་ཚོ་དར་བའི་ཚུལ་དུ་ནག་པོར་གྱུར་ཅིང་སྨྲ་ར་དཀར་པོ་བལ་ལྟར་འཕྱང་པའང་སྤུ་ཉག་གཅིག་ཀྱང་མ་ལུས་པར་གར་སོང་ཆ་མེད་དུ་ཡལ་ནས་ཐམས་ཅད་ངོ་མཚར་ཞིང་གཏེར་ཆེན་ཟེར་བ་ཁོང་མིན་ན་སུ་ཞེས་དད་གུས་ཚད་མེད་བྱས། དགུང་གྲངས་དྲུག་ཅུ་རེ་གཉིས་པ་ཕྱི་ལོ་1980ལོར་རང་དགོན་སྟོང་སྐྱབས་ཀྱི་ཆོས་སྒོ་གསར་དུ་ཕྱེས་ཏེ་སིདྡྷི་སྤྲུལ་སྐུ་ཁོང་བསྟན་པའི་བདག་པོར་མངའ་གསོལ་ཞིང་ཡར་སྔོན་གནས་ངེས་མེད་ཀྱི་སྦྲ་དགོན་དེ་ཡང་སྟོང་སྐྱབས་རྡོ་འབུམ་ཆེན་མོ་སྔར་ལས་ལྷག་པར་ཞིག་གསོ་དང་འབྲེལ་སྟོང་སྐྱབས་འགམ་མའི་ཐང་དུ་ད་ལྟ་ཡོད་སའི་གནས་དེར་སྔར་མེད་གསར་བཞེངས་མཛད། ཁོང་གིས་དབུ་ཁྲིད་དེ་ཚོགས་ཆེན་འདུ་ཁང་ཆེན་མོ་གསར་བཞེངས་དང་ནང་རྟེན་གཙོ་བོ་རྗེ་ཡབ་སྲས་གསུམ། མཁན་སློབ་ཆོས་གསུམ་འཇིམ་སྐུ་གཙོས་རྒྱལ་བའི་བཀའ་བསྟན། སྙིང་མའི་རྒྱུད་འབུམ། རྗེ་ཡབ་སྲས་ཀྱི་གསུང་འབུམ། འཇུ་མི་ཕམ་པའི་གསུང་འབུམ། གཞན་གུ་རུའི་ལྷ་ཁང་ནང་རྟེན་དང་བཅས་པ། ཚེས་བཅུའི་འཆམ་གོས་འདྲ་འབགས་དང་བཅས་པ། མདོར་ན་སྐབས་དེའི་དམངས་སྒོར་འབུམ་ཕྲག་དུ་མས་རྟེན་བཞེངས་མཛད་པ་སོགས་བཀའ་དྲིན་དང་ཐུགས་རྗེ་གཞལ་དུ་མེད་པའི་མཛད་པ་བསྐྱངས། ལོ་དེ་ནས་བཟུང་མི་ལོ་ཧྲིལ་བོ་བཅོ་བརྒྱད་ཀྱི་རིང་ལ་རང་དགོན་སྟོང་སྐྱབས་རྡོ་ཁ་དགོན་བསྟན་གཉིས་དར་རྒྱས་གླིང་གི་བསྟན་པའི་བདག་པོ་དང་དགོན་བདག་བླ་མ། སྤྲོས་བཅས་ཚེས་བཅུ་ཆེན་མོའི་རྡོ་རྗེ་སློབ་དཔོན་གྱི་གསེར་ཁྲིར་མངའ་གསོལ་ཏེ་མཛད་འཕྲིན་དབྱར་གྱི་ཆུ་གཏེར་ཆེན་མོའི་དཔང་ལ་འགྲན་པ་ཞིག་བྱུང་། ཁོང་ནི་རང་དགོན་གྱི་གདན་རབས་སོ་བརྒྱད་པ་ཡིན་ལ་གདན་རབས་རྣམས་ལས་བཀའ་དྲིན་ཆེ་ཞིང་མཛད་རྗེས་ཆེ་བའི་གདན་རབས་ཀྱང་ཡིན། ཁོང་གིས་དུས་ཆེན་དང་ཆོས་ཐོག་རེ་རེར་སེར་སྐྱ་ཕོ་མོ་འབུམ་ཕྲག་དུ་མར་ཆོས་ཀྱི་རྩ་བ་སྔོན་འགྲོ། སིདྡྷིའི་ཞག་བརྒྱ། བར་དོའི་དྲུག་ཁྲིད། གཏེར་གསར་གཅོད་ཁྲིད། བདེ་ཆེན་ཞིང་ཁྲིད། བདུད་འཇོམས་སྣང་སྦྱང་། བཀའ་སློབ་ཞལ་གདམས་སོགས་བསྟན་འགྲོའི་དོན་ཆེན་མཛད་པ་ལ་དཔའ་མི་ཞུམ་ཞིང་གདེང་ཐོབ་པའི་སྤོབས་པ་མཆོག་ཏུ་མངའ། དྲིལ་ན་གཞན་སེམས་མཁྱེན་པའི་མཛད་པ། དགུང་ལོ་ཇེ་ཉུང་དུ་སོང་བའི་མཛད་པ། དཀར་ཕྱོགས་དབུ་འཕངས་བསྟད་པའི་མཛད་པ། དབང་ལུང་ཁྲིད་གསུམ་གྱི་གདམས་ངག་བླུད་པའི་མཛད་པ། འཕོ་བའི་གྲུབ་ཚད་ཐོབ་པའི་སྣང་བ་གནས་འགྱུར་གྱི་མཛད་པ། སྤྱི་ཚོགས་བདེ་འཇག་དང་རི་རྒྱ་ཀླུང་ཁྲིམས། ཕྱག་སྐོར་སྨྱུང་གནས། སཱཙྪ་རྡོ་འབུམ། ཇོ་དར་རླུང་རྟ། ཚེ་ཐར་སྲོག་བླུ། གཟུངས་སྔགས་བཟླས་རྗོད། རྐུ་འཕྲོག་བཅོམ་གསུམ་མནའ་བཟའ་རྫུན་གཏམ་དུད་ཆང་སོགས་གཅོད་དུ་འཇུག་པ་བཅས་དགེ་སྒྲུབ་སྡིག་སྤངས་ཀྱི་མཛད་སྤྱོད་ཐམས་ཅད་སློབ་དཔོན་པདྨའི་ཕོ་ཉ་ལྟ་བུར་གྱུར་ཏེ་སིདྡྷི་སྤྲུལ་སྐུ་ཞེས་མཚན་སྙན་སྲིད་པའི་ཁྱོན་ལ་འགེངས་བ་ཞིག་བྱུང་། དཔེར་ན། སིདྡྷི་སྤྲུལ་སྐུ་རྡོ་རྗེ་སློབ་དཔོན་ཡིན་དུས་ཚེས་བཅུ་རིལ་བུ་འཕེལ་ཞིང་དཀྱིལ་འཁོར་གྱི་ནང་དུ་བདུད་རྩི་བབ་སྟེ་རྡོ་རྗེ་སློབ་དཔོན་ཟེར་ན་ཁོང་ལྟ་བུ་ཞིག་དགོས་ཞེས་དད་པའི་སྤུ་ལོངས་གཡོ། མིག་གི་མཆིལ་གི་མ་འཁྲུག་པ་སོགས་ཤིན་ཏུ་མང་ངོ་།། དགུང་གྲངས་དོན་ལྔ་བ་ཕྱི་ལོ1993ལོའི་ཡན་ཆད་ལ་ཞག་བརྒྱ་བཅོ་བརྒྱད་མཇུག་གྲུབ་ཅེས་སྐུ་དངོས་ཀྱིས་གསུངས་ཤིང་གཏེར་ཆོས་འགྲན་ཟླ་དང་བྲལ་བ་དག་ཀྱང་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དམ་པར་བཞུགས་སོ།། དགུང་གྲངས་དོན་བདུན་པ་ཕྱི་ལོ1995ལོར་གནས་མཆོག་རི་བོ་རྩེ་ལྔར་ཕེབས་ཤིང་རྒྱ་བོད་སོག་གསུམ་གྱི་དད་ལྡན་སློབ་བུ་ཁྲི་ཁྲག་མང་པོར་དབང་ལུང་ཁྲིད་གསུམ་གྱི་བཀའ་ཆོས་བྱིན་ཅན་མང་དུ་གནང་། དབུ་ཞྭ་ཨོ་རྒྱན་པད་ཞུ་དེ་ཕེན་ལོ་རིན་ཆེན་འབྱུང་ལྡན་གྱི་མཆོད་རྟེན་གྱི་བང་རིམ་སྟེང་དུ་འཕུར་བ་དེ་སློབ་བུ་ཚོའི་རེ་བ་ལྟར་གནས་དེ་རུ་རྟེན་སྐལ་དུ་བཞག་ཏེ་དགྱ་ནག་ཆོས་དད་ཡོངས་ཀྱིས་དད་གུས་བླ་ལྷག་བྱེད། ལོ་དེར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གིས་གདན་དྲངས་པ་ལྟར་ཁོང་ཕེབས་ཤིང་རྗེ་ཁོང་དང་དགོངས་པ་དབྱེར་མེད་དུ་གྱུར་ཏོ།། དགུང་གྲངས་དོན་བརྒྱད་པ་ཕྱི་ལོ་1996ལོར་དམ་པ་ཁོང་སྐུ་སྙུང་བའི་ཚུལ་བསྟན་ཅིང་ཆོས་བདག་ཆེན་པོ་བཞི་ཡིས་བརྟན་བཞུགས་བྱས་ཏེ་སྐུ་དྭངས་ཤིང་ཐུགས་དགྱེས་པའི་ངང་དེ་དག་སོ་སོ་ལ་འགྲོ་དོན་ཇི་ལྟར་མཛད་པའི་མ་འོངས་ལུང་བསྟན་གནང་། ལོ་དེར་དགྱ་ནག་ཏུ་ཕེབས་ཤིང་སློབ་མ་དང་ཆོས་བདག་འགའ་ཁོང་གི་སྐུ་མདུན་དུ་ཕེབས། ལོ་དེར་ཞིང་ཆེན་ནང་བསྟན་ཕུན་ཚོགས་གླིང་གིས་གདན་འདྲེན་ཞུས་པ་ལྟར་ཟི་ལིང་དུ་ཕེབས་ཏེ་སྔོན་འགྲོ་དང་འཕོ་བའི་ཁྲིད་སོགས་ཆ་ཚང་གནང་། དགུང་གྲངས་དོན་དགུ་བ་ཕྱི་ལོ1997ལོར་དགྱ་ནག་གི་སློབ་བུ་ཚོའི་རེ་བ་ལྟར་སླར་ཡང་དགྱ་ནང་དུ་ཕེབས་ཤིང་འཕགས་པ་ཀུན་ཏུ་བཟང་པོའི་གདན་ས་གླང་ཆེན་འགྱིང་རི་མཇལ་ཞིང་གནས་དེའི་ཞིང་གྲོང་ནས་གནམ་ལྕགས་འཕུར་བུ་སྤྱན་དྲངས་བའི་མཛད་པ་སོགས་གནང་། ཁོང་གིས་མཛད་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཤིག་ཀྱང་དགྱ་ནག་གི་ཡི་གེ་རུ་བསྒྱུར་ཏེ་སློབ་ཚོགས་རྣམས་ཀྱིས་དད་པའི་སྤུ་ལོང་གཡོ་ཞིང་ནམ་ཡང་འདུ་འབྲལ་མེད་པའི་སྨོན་ལམ་ཡང་ཡང་བཏབ། དགུང་གྲངས་བརྒྱད་ཅུ་པ་ཕྱི་ལོ1998ལོར་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས་སུ་ཕེབས་ཤིང་རོང་བོ་ལྷ་རྒྱལ་དཔལ་གྱིས་ཁོང་གི་རྣམ་ཐར་འདོད་འཇོ་ནོར་བུའི་འཁྲི་ཤིང་བརྩམས། ལོ་དེར་ཆོས་བདག་ཆེན་མོ་བཞི་ཡི་ཡ་གྱལ་མཛོད་དགེ་སྟོད་ཀྱི་ཆོས་བདག་ཨ་ནེ་ལྷ་ལྕམ་དབང་མོ་དང་པད་མའི་ཕྱོགས་ཀྱི་ཆོས་བདག་བླ་མ་རིག་འཛིན་བསམ་འགྲུབ་སོགས་རང་དགོན་སྟོང་སྐྱབས་སུ་ཕེབས། དགུང་གྲངས་གྱ་གཅིག་པ་སྟེ་ཕྱི་ལོ1999ལོར་ཁོང་གི་སློབ་འབངས་འགའ་ཞིག་གི་མཚན་ཙམ་བགྲང་ན་ཁྲ་ཚོགས་དགོན་པའི་བླ་མ་པད་བསམ། བླ་མ་མེ་སྐོམ། ཤུགས་འབྱུང་སྤྲུལ་སྐུ་པདྨ་རིག་འཛིན། མཁར་ནང་སྤྲུལ་སྐུ་ཨོ་རྒྱན་ཚེ་རིང་། སྟག་ཐོག་དགོན་པའི་བླ་མ་རིག་བསམ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་ཚོགས་སྐྱ་སེར་ཕོ་མོ་བགྲངས་ལས་འདས་པར་བཤད། དགུང་གྲངས་གྱ་གཉིས་པ་སྟེ་ཕྱི་ལོ2000ལོར་ཁོང་གི་སློབ་མ་ཞིག་གིས་ཞུས་པར་ཁྱེད་ལ་གསུང་ཆོས་ག་ཚོད་འདུག་ཅེས་པར་བཀའ་ལན་གསུངས་པ་ནི་དམ་པ་ཁོང་གི་གཏེར་ཆོས་སམ་གསུང་འབུམ་ལ་ཕུར་བ་བདེ་གཤེགས་རང་གྲོལ། གསང་བ་ཀ་བདག་རྡོ་རྗེ་ཀློང་གི་རྒྱུད། གཏུམ་མོ་རང་འབར་ཡེ་ཤེས་མེ་ཡི་རྒྱུད། ཐིག་ལེ་མངོན་བྱུང་གསང་ཐིག་གི་རྒྱུད། གཉིས་མེད་བདེ་སྟོང་ཁ་སྦྱོར་ཐབས་ཀྱི་རྒྱུད། རྡོ་སྒྱོགས་ཁམས་གསུམ་བརླགས་པའི་ཐོ་ལུམ། དམག་བཟློག་སྟོང་གསུམ་འབྲུག་སྒྲ་ཟིལ་གནོན། ཕུར་བ་ཀུན་བཟང་ཐུགས་ཐིག ཟངས་མདོག་དཔལ་རིའི་སྨོན་ལམ། པདྨའི་རྣམ་ཐར་བདུད་རྩིའི་ཐིག་པ། སྒྲོན་དཀར་བསྒྲུབ་པ་དངོས་གྲུབ་མཆོག་སྩོལ། རྒྱལ་ཡུམ་ཁྲོས་མའི་གསང་སྒྲུབ་བདུད་རྩིའི་སྙིང་པོ། ཌཀྐིའི་བསྒྲུབ་པ་གསང་བ་ཡེ་ཤེས་སྒོ་འབྱེད། རྣལ་འབྱོར་མའི་གསང་བསྒྲུབ་འཁོར་བ་རང་གྲོལ། རྟ་ཕྱག་ཁྱུང་གསུམ་ཀྱི་མངོན་རྟོགས་རྡོ་རྗེ་དྲགས་འཇོམས། འཇམ་དབྱངས་རིགས་ལྔའི་སྤྱི་དྲིལ་རྟོགས་མཐོང་ཡེ་ཤེས་མངོན་གསལ། འཇམ་དཔལ་བསྒྲུབ་པ་འདོད་འབྱུང་ནོར་བུའི་བང་མཛོད། དཔལ་རྡོ་རྗེ་གཞོན་ནུའི་གསང་བསྒྲུབ་བདེ་གཤེགས་རང་གྲོལ། རྩ་གསུམ་སྤྱིའི་ཚོགས་བསྡུས་ཆོས་ཉིད་སྤྲིན་ཕུང་། རྡོ་རྗེ་གྲོ་ལོད་ཀྱི་གསང་བསྒྲུབ་དངོས་གྲུབ་ཀུན་འབྱུང་། གཅོད་ཀྱི་གདམས་པ་གཟུང་འཛིན་རང་གྲོལ། ཚོགས་བསྡུས་དངོས་གྲུབ་ཆར་འབེབས། སྒྲོལ་མའི་ཚེ་འགུག་ནོར་བུ་ཆར་འབེབས། སྔོན་འགྲོ་ཐར་ལམ་མྱུར་འཇུག འཕོ་བ་མ་བསྒོམ་ཟང་ཐལ། བླ་མའི་རྣལ་འབྱོར་བྱིན་རླབས་དབང་གི་ཆུ་རྒྱུན། བླ་སྒྲུབ་ཟླ་བའི་རྒྱ་ཅན། དུས་མཐའི་གསོལ་འདེབས་ཟུག་གཟེར་ཀུན་འཇོམས། སྐྱེ་ཕྲེང་གསོལ་འདེབས། ལྟ་མགུར་སྣ་ཚོགས། མཆོད་ཚོགས་དང་སྒྲུབ་པའི་སྐོར་སོགས་པོ་ཏི་བཅུ་ཕྲག་ལྷག་ཙམ་ཡོད་ཀྱང་འགའ་ཞིག་མ་གཏོགས་ས་བྱིའི་ལོར་མེད་བརླག་ཏུ་སོང་བས་ཤིན་ཏུ་ཡིད་ཕངས་བའི་གནས་སོ།། རྒྱུ་མཚན་ནི་དམ་པ་ཁོང་གི་གསུང་ཆོས་དེ་དག་ནི་ཚིག་དོན་གང་གི་ཆ་ནས་གཞན་དང་མི་མཚུངས་ཤིང་མི་ཕལ་བའི་བློ་ཡུལ་ལས་འདས་པ་ཞིག་ཡིན། དངོས་གནས་ཁོང་གི་གཏེར་ཆོས་སམ་གསུང་ཆོས་ཐོར་བུ་མཇལ་རྒྱུ་ཡོད་པ་དེ་དག་ལས་གསལ་བོར་ཤེས་ཐུབ་བོ།། དགུང་གྲངས་གྱ་གསུམ་པ་སྟེ་ཕྱི་ལོ2001ལོར་སྟོང་སྐྱབས་དག་པའི་ཞིང་ཁམས་ཉམས་དགའ་ལྷ་ཡི་ཁང་བུ་རང་ཤགས་དྲོད་མོ་ནས་ཁོང་ཉིད་དགོངས་པ་ཆོས་དབྱིངས་སུ་ཐིམ། སྐུ་གདུང་ལ་ཁྲུ་གང་ཙམ་ལས་མེད་པ་དང་། ཐུགས་ལྗགས་སྤྱན་གསུམ་རང་སྲེལ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་བཅས་དགོངས་པ་གཞན་དོན་དུ་རྫོགས་སོ།། རྩོམ་ཁུངས། ལྡོང་ཁྲི་བཙན་གྱིས་བརྩམས་པའི་ཨ་མཆོད་ཚང་གི་རིག་གནས་ལོ་རྒྱུས་དེབ་ལས་བཤུས། |