ཨ་ཡིག་རིག་མཛོད།

འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་།

31


འབྲོག་རི་བོ་དགའ་ལྡན་རྣམ་པར་རྒྱལ་པའི་གླིང་ནི། ལྷ་ས་ནས་ཤར་ཕྱོགས་སུ་ལམ་ཐག་སྤྱི་ལེ༤༠ལྷག་ཙམ་གྱི་སར་སྟག་རྩེ་རྫོང་ཁོངས་དབང་བསྐུར་རིའི་ལྡེབས་བཙུན་མོ་སྡིངས་ཀྱི་མདུན་ངོས་འགོག་པ་རིའི་སྟེང་རས་གཞི་ལ་སོར་མོས་བྲིས་པ་བཞིན་ཆགས་ཡོད།(མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ༤༠༧༥ཙམ་ཡོད།)དགོན་པ་དེ་ནི་བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་ལ་སྔོན་བྱོན་རྒྱལ་བ་སྲས་བཅས་ཀྱིས་ལན་དུ་མར་ལུང་བསྟན་ཅིང་འཕགས་པ་མོོད་འགལ་བུས་ཞབས་བཅག་སྟེ་ཆོས་དུང་དཀར་པོ་གཏེར་དུ་སྦས་པ་སོགས་དགེ་མཚན་ཁྱད་པར་ཅན་དང་ལྡན་པ་སྐུ་གསུང་ཐུགས་རྟེན་གྱི་དབྱིབས་ཅན་གྱི་རང་བྱོན་མང་པོ་མཐའ་བསྐོར་བའི་དབུས་སུ་བཟོ་བོ་མཁས་པའི་སོར་མོས་འདུ་བྱེད་པ་ལྟར་རི་ལྡེབས་སུ་གཅིག་ཐོག་གཅིག་བརྩེགས་སུ་གནས་ཞེས་ཡོངས་སུ་གྲགས། རྗེ་ཙོང་ཁ་པ་ཆེན་པོས་བོད་རབ་བྱུང་བདུན་པའི་ས་གླང(༡༤༠༩)ལོར་ཕྱག་བཏབ། དེ་ཡང་རྗེ་ཙོང་ཁ་པ་དགུང་གྲངས་ང་གཉིས་ལ་ཕེབས་ཤིང་ས་གནས་གང་དུ་བྱོན་ཀྱང་ཞབས་རྗེས་སུ་འབྲང་བའི་སློབ་མ་མང་བས་གནས་ངེས་མེད་ཕེབས་བཞུད་སྐུ་ངལ་གྱི་གཞིར་བརྟེན་སྦྱིན་བདག་དད་ཅན་མང་པོས་དེ་སྔ་ནས་དགོན་རྙིང་ཕུལ་བ་དང༌། དགོན་གསར་འདེབས་དགོས་པའི་རེ་སྐུལ་ཞུས་རྐྱེན། ཇོ་བོ་རིན་པོ་ཆེའི་དྲུང་དུ་མར་མེ་བརྟག་པ་སོགས་བརྟག་པ་དུ་མ་གནང་སྟེ། འབྲོག་རི་བོ་ཆེར་དགོན་གསར་འདེབས་པར་བཟང་བར་ཕེབས་པས་སྨོན་ལམ་གྲོལ་འཕྲལ་རྗེ་རང་ཉིད་སྐུ་འཁོར་དུ་མ་དང་བཅས་འབྲོག་རི་བོ་ཆེར་བྱོན་ཏེ་ས་གཞི་བྱིན་གྱིས་བརླབས། དགོན་པའི་མདུན་ངོས་སུ་ཡོད་པའི་སྤྱི་གསོ་ཆུ་མིག་དེ་ཡང་ངག་རྒྱུན་ཐོག་ས་དེར་ཆུ་མེད་པར་གཟིགས་ནས་ཕྱག་མཛུབ་གཏད་པས་ཆུ་རྡོལ་ཞིང༌། མི་མངོན་པའི་སྒོ་ནས་ཆོས་རྒྱལ་ཞལ་འབག་དང༌། དུང་དཀར་གཉིས་གཏེར་ནས་བཞེས་པ་བཅས་བཤད་སྲོལ་ཡོད།




དེ་རྗེས་སློབ་དཔོན་དར་མ་རིན་ཆེན་དང༌། འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ཀྱིས་གཙོ་མཛད་དགེ་འདུན་ལྔ་བརྒྱ་འདིར་ཕེབས་ཏེ་འདུལ་བའི་ཕྱག་ལེན་དང་མཐུན་པར་རྨང་བཏིང་བ་དང་བརྩིགས་པ་སོགས་ཀྱིས་དེ་ལོ་རང་ལ་གཟིམ་ཁང་གིས་ཐོག་དྲངས་གྲྭ་ཁང་བདུན་ཅུ་ཙམ་དང༌། གཞི་འདིང་བ་བརྒྱ་ལྷག་ཙམ་བྱུང༌། ལྕགས་སྟག(༡༤༡༠)ལོར་རྗེ་བླ་མ་རང་ཉིད་འཁོར་དང་བཅས་པ་དགའ་ལྡན་དུ་ཕེབས་ཏེ་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསུངས།   མཁན་ཆེན་ཕྱག་རྡོར་བས་ལུང་བསྟན་པ་ལྟར་དགའ་ལྡན་ཞེས་པའི་མིང་བཏགས།   དགོན་དེའི་ནང་གསེས་གྲྭ་ཚང་གཉིས་ཡོད་པའི་ནང་གི་ཤར་རྩེ་གྲྭ་ཚང་ནི་རྗེ་ཙོང་ཁ་པའི་དངོས་སློབ་ཤར་པ་རིན་ཆེན་རྒྱལ་མཚན་གྱིས་ཐོག་མར་བཏབ་ཅིང་གྲྭ་ཚང་འདིར་ཁང་ཚན་བཅུ་གཅིག་ཡོད་པ་སྟེ་རྡོ་ཁང༌། ཕུ་ཁང༌།ལྷོ་པ། ཉག་རེ། ཅོ་ནེ། ཐེ་བོ། ཟུང་ཇུ། སོག་པོ། རྟ་དབོན།མངའ་རིས། གུང་རུ་བཅས་ཡིན། བྱང་རྩེ་གྲྭ་ཚང་ནི་རྗེ་ཙོང་ཁ་པའི་སློབ་མ་ཧོར་སྟོན་ནམ་མཁའ་དཔལ་བས་ཟུར་འཁྲིད་སློབ་དཔོན་གནང་ནས་ཐོག་མར་ཆགས།




གྲྭ་ཚང་འདིར་ཁང་ཚན་བཅུ་གཉིས་ཡོད་པ་སྟེ།ཧར་གདོང༌། བསམ་བློ། ཚ་བ། ཏྲེ་ཧོར། གསེར་ཀོང༌། རྡོ་ར། ཀླུ་འབུམ། རྒྱལ་རོང༌། གོ་བོ། ཕ་ར། ཀོང་པོ། བྲ་ཉེ་བཅས་ཡིན། དགོན་པ་འདིའི་གྲྭ་གྲངས་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐབས་ཞལ་གྲངས་ཆིག་སྟོང་ལྷག་ཙམ་ཡོད་ཅིང་དམངས་གཙོའི་བཅོས་བསྒྱུར་གོང་བཞི་སྟོང་ལྷག་ཙམ་ཡོད། ཚོགས་ཆེན་དང༌། ཡངས་པ་ཅན། ལྔ་མཆོད་ཁང༌། བྱང་རྩེ་རི་ཁྲོད། གཟིམ་ཆུང་འོད་ཟེར་སྦུག རྒྱུད་ཁང་བཅས་རིམ་གྲུབ་ཐོགབོད་མེ་སྤྲེལ(༡༤༡༦)ལོར་གསང་སྔགས་ཀྱི་སྒྲུབ་མཆོད་གནང་ཡུལ་ཡངས་ཅན་གཙུག་ལག་ཁང་ཀ་བ་དོན་གཉིས་ཡོད་པ་གསར་སྐྲུན་གནང༌། དགོན་སྡེ་དེའི་སྦྱིན་བདག་གི་གཙོ་བོར་མི་དབང་གྲགས་པ་རྒྱལ་མཚན་དང༌། གཞིས་ཀ་སྣེའུ་པ། དྲུང་རིན་ཆེན་དཔལ་དང༌། བྲག་དཀར་ནང་སོ་རིན་ཆེན་ལྷུན་པོ། རྒྱ་མ་ཁྲི་དཔོན་ཟླ་བ་བཅས་ཡིན། ཁོང་ཚོས་འབྲི་གུང་ཀླུང་ཤོད་ཁུལ་དང༌། དགའ་ལྡན་དགོན་པའི་ཉེ་འདབས་ཁུལ་ནས་མཆོད་གཞིས་ཁག་ཕུལ་བ་དང༌། སྐྱ་བཙུན་མཐའ་དག་གིས་ཞབས་ཏོག་ཚུལ་བཞིན་སྒྲུབ།


དགོན་པ་འདིའི་སྐུ་གསུང་ཐུགས་རྟེན་དང་རིག་དངོས་སྔར་ཡོད་སྐོར། རྗེ་ཙོང་ཁ་པ་སྐུ་གཤེགས་པའི་ས་ཕག(༡༤༡༩)ལོར་དངུལ་གདུང་ཁང་གསར་རྒྱག་མཛད་དེ་རྗེ་བླ་མ་ཉིད་ཀྱི་སྐུ་གདུང་རིལ་པོར་བཞུགས་པའི་དངུལ་སྡོང་མཐོང་བ་དོན་ལྡན་དང༌། དེའི་གཡས་གཡོན་དུ་འཇམ་དབྱངས་གཙང་པ་བདུན་རྒྱུད་ཀྱི་སྐུ་གདུང་སོགས་མང་དུ་བཞུགས། དངུལ་སྡོང་མཐོང་བ་དོན་ལྡན་དེ་ཕྱིས་སུ་ཁྲི་ཐོག་ལྔ་བཅུ་པ་དགེ་འདུན་ཕུན་ཚོགས་ཀྱིས་གསེར་སྦྱངས་བཙོ་མ་འབའ་ཞིག་ལས་གྲུབ་པའི་གསེར་སྡོང་དུ་བསྒྱུར།ལི་མ་ལྷ་ཁང་གསར་རྙིང་གཉིས་བློས་བླངས་ལྷ་ཁང༌། འོག་གི་གཙང་ཁང་ནང་གཙོ་བོར་རྗེ་ཉིད་ཀྱིས་བཞེངས་པའི་ཐུབ་དབང་ཚུལ་ཁྲིམས་སོགས་གསེར་ཟངས་ཀྱི་ལྷ་སྐུ་མང་པོ། མགོན་ཁང༌།གསེར་ཁྲི་ཁང་སོགས་དང༌། མིང་རྒྱལ་རབས་ཀྱི་གོང་མ་ཞོན་ཏེས་བྱམས་ཆེན་ཆོས་རྗེའི་སློབ་མ་ཨ་མོ་གྷ་དང༌། བསོད་ནམས་ཤེས་རབ་གཉིས་ལ་ཕུལ་བའི་ཙནྡན་གྱི་གུར་ལ་ནང་ཡོལ་བླ་བྲེ།གོས་བཏགས་ཀྱི་གཙོ་བོ་སྟོན་པ་དང་གནས་བརྟན་བཅུ་དྲུགདགེ་བསྙེན་ཧ་ཞང༌། རྒྱལ་ཆེན་བཞི།གསང་འདུས་མི་བསྐྱོད་པ་བཅས་པའི་ཐང་ཀ(དགའ་ལྡན་གསེར་ཐང)སོགས་གནའ་རབས་རིག་རྫས་ཀྱི་ཤུལ་དངོས་རིན་ཐང་ཆེ་བ་མང་པོ་དང༌། གཞན་ཡང་ཕོ་ལྷས་བཞེངས་པའི་གསེར་བྲིས་ཀྱི་བཀའ་བསྟན་འགྱུར་དང༌། ལྷ་ཁང་མཐའ་དག་གི་ནང་དུ་གདུང་རྟེན་དང༌། དཀྱིལ་འཁོར། ལྡེབས་རིས། ཐང་ག་མཆོད་རྫས་སོགས་བྱུར་བུར་གང་བ་བཅས་བཞུགས། འཇམ་མགོན་བླ་མ་ནས་བཟུང་ཁྲི་ཐོག་གོ་བདུན་གྱི་བར་བྱོན་པའི་མཚན་ཐོ་ཟུར་དུ་གསལ་བ་ལྟར་མཁས་པའི་བྱ་བ་རྣམ་གསུམ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་སྲོལ་ཡོད།


༡༩༦༩ལོའི་གོད་ཆགས་ཀྱིས་རྐྱེན་པས་དགོན་པ་ཕྱི་ནང་ཐམས་ཅད་རྩ་མེད་དུ་སོང་ཟིན་པའི་ཁོངས་ནས་སིའུ་ཐང་གཙོ་འཁོར་ཐང་ཁ་ཉི་ཤུ་རྩ་གསུམ་བོད་ལྗོངས་རིག་དངོས་ཅུད་ནས་ཉར་ཚགས་གནང་ཡོད་པ་དང༌། གསེར་བྲིས་ཀྱི་བསྟན་འགྱུར་སྔར་པེ་ཅིན་མི་རིགས་རིག་གནས་ཕོ་བྲང་དུ་བཞུགས་ཡོད་པ་ཕྱིས་སུ་ལྷ་སར་གདན་དྲངས་པ་ད་ལྟ་བཞུགས། ༡༩༨༠ལོ་ནས་བཟུང་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་སྤེལ་བ་དང༌། དཔལ་འབྱོར་ཐོག་ཤུགས་ཆེའི་རོགས་སྐྱོར་གནང་བའི་འོག་དགོན་པ་དེའི་གྲྭ་པ་ལྷག་འཕྲོ་དང༌། རྒྱ་ཆེའི་མང་ཚོགས་མཐའ་དག་གིས་དཀའ་ངལ་ཁྱད་བསད་ངང་རྒྱབ་སྐྱོར་བྱས་ཏེ་ཐོག་མར་ལྔ་མཆོད་ཁང་ཉམས་གསོ་དང༌། དེ་རྗེས་གསེར་སྡོང་ཆེན་པོ་བཞུགས་ཡུལ་གསར་བཞེངས་ཐོག་རིག་གསར་སྐབས་སྐུ་གདུང་གདན་ཞུ་བ་ནས་རྗེ་བླ་མའི་དབུ་ཐོད་ཆ་ཤས་མ་ཚང་བ་དང༌། རིང་བསྲེལ། གདུང་ཐལ་གང་ཙམ་བཅས་གསང་ཉར་ཐུབ་པ་སོགས་བཞུགས་སུ་གསོལ་བའི་གསེར་གདུང་ཁྲུ་གང་ཙམ་ཞིག་དང༌། གཞན་ཡང་གཟུངས་ཞུགས་རྙིང་པ་དང༌། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ལམ་རིམ་ཆེན་མོ་གྲངས་མང་སོགས་གཟུངས་སུ་བཞུགས་པའི་དངུལ་གདུང་ཆེན་མོ་མཐོ་ཚད་སྤྱི་ཁྲེ་ལྔ་ལྷག་ཙམ་ཡོད་པ་ཕྲ་རྒྱན་དང༌། བཟོ་བཀོད་ཕུན་སུམ་ཚོགས་པ་དང༌། ཡངས་པ་ཅན། ཁྲི་ཐོག་ཁང་སོགས་རིམ་པར་བསྐྲུན། ད་ལྟ་ཡང་ཉམས་གསོ་ཞུ་མུས་སུ་ཡོད། དགའ་ལྡན་དགོན་པ་དེ་ནི་རི་བོ་དགེ་ལུགས་པའི་དགོན་པ་ཐམས་ཅད་ཀྱི་ཆུ་འགོ་ལྟ་བུའི་མ་དགོན་ཡིན་ལ། དེ་ལས་གྱེས་པའི་དགོན་སྡེ་དབུས་གཙང་ཁམས། ཨ་མདོ་སོག་ཡུལ་བཅས་ཡུལ་གྲུ་ཀུན་ཏུ་རྒྱས་སོ།།

དགའ་ལྡན་དགོན་པའི་ལོ་རྒྱུས་ཞིབ་ཆའི་སྐོར། ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི{{གྲྭ་ས་ཆེན་པོ་བཞི་དང་རྒྱུད་པ་སྟོད་སྨད་ཆགས་ཚུལ་པད་དཀར་ཕྲེང་བ}}དང༌།   སོག་པོ་ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ཀྱིས་མཛད་པའི{{ཙོང་ཁ་པའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས}}གཉིས་ཀྱི་ནང་གསལ། གཞན་ཡང་དགོན་པ་དེའི་དེ་སྔའི་འདུ་ཁང་སོགས་རྒྱ་ཁྱོན་ནི།ཚོགས་ཆེན་འདུ་ཁང་ཀ་བ༡༠༨ཀ་རིང༡༢ཡངས་པ་ཅན། འདུ་ཁང་ཀ་བ༧༢མདུན་ཐོག་བརྩེགས༢རྒྱབ་ཐོག་བརྩེགས༤(ཆེན་ལོང་ཁྲི་ལོ༢༢(༡༧༥༧)ལོར་ཁྲབ་སྨོག་ཕུལ)ཁྲི་ཐོག་ཁང་ཐོག་བརྩེགས༣གཟིམས་ཕུག་གི་མདོར་རྒྱལ་བའི་གཟིམ་ཆུང༌། བྱང་རྩེ་གྲྭ་ཚང༌། རྒྱབ་ཐོག་བརྩེགས༤མདུན་ཐོག་བརྩེགས༢སྒོ་འཁྱོར་ཀ་བ༨འདུ་ཁང་ཀ་རིང༨དང་བཅས་ཀ་བ༨༤འདུ་ཁང་རྙིང་པ་ཐོག་བརྩེགས༢ཀ་རིང༤ཀ་བ༣༠ཤར་རྩེ་གྲྭ་ཚང༌།རྒྱབ་ཐོག་བརྩེགས༤མདུན་ཐོག་བརྩེགས༢སྒོ་འཕྱོར་ཀ་བ༦འདུ་ཁང་ཀ་རིང༨དང་བཅས་པའི་ཀ་བ༧༠།ཞལ་རས་ལྷ་ཁང་ཀ་བ༤བྱང་རྩེ་གྲྭ་ཚང་ཁང་ཚན་བཅུ་གཉིས་ཏེ།༡.ཧར་གདོང༌།ཀ་རིང༤བཅས་ཀ་བ༣༠༢.ཚ་བ།ཀ་རིང༢བཅས་ཀ་བ༢༤༣.རྡོ་ར།ཀ་བ༡༢༤.གསེར་ཀོང་ཀ་བ༡༢༥.བསམ་བློ་ཀ་བ༡༢༦.ཀླུ་འབུམ་ཀ་བ༡༢༧.བྲ་ཉེ་ཀ་བ༤༨.རྒྱལ་རོང་ཀ་བ༡༢༩.ཕ་ར་ཀ་བ༡༢༡༠.ཀོང་པོ་ཀ་བ༡༢༡༡.ཏྲེ་ཧོར་ཀ་བ༡༢༡༢.གོ་བོ་ཀ་བ༨ཤར་རྩེ་གྲྭ་ཚང་ཁང་ཚན༡༡སྟེ།༡.རྡོ་ཁང་ཀ་རིང༤བཅས་ཀ་བ༣༠༢.ཕུ་ཁང་ལ་གོང་མཚུངས།༣.ཉག་རོང་གོང་མཚུངས།༤.ལྷོ་པ་ཀ་བ༡༦༥.ཐེ་པོ་ཀ་བ༡༢༦.ཅོ་ནེ་ཀ་བ༡༢༧.ཟུང་ཆུ་ཀ་བ༤༨.རྟ་དབོན་ཀ་བ༤༩.སོག་པོ་ཀ་བ༤༡༠.མངའ་རིས་ཀ་བ༡༢༡༡.གུང་རུ་ཀ་བ༦བཅས་སོ།།

ཧར་གདོང་ཁང་ཚན་ལ་མི་ཚན་དྲུག་སྟེ། ༡.གཙང་པ།༢.རྭ་སྒྲེང༌།༣.ཆོས་འཁོར།༤.ཧོར།༥.ཁ་འདུལ།༦.སོག་པོ་བཅས། ཏྲེ་ཧོར་ཁང་ཚན་ལ་མི་ཚན་གཉིས། ༡.རྟའུ།༢.དཀར་མཛེས། ཚ་བ་ཁང་ཚན་ལ་མི་ཚན་དྲུག་སྟེ། ༡.སྨད་ཚ༢.འབྲོག་མི།༣.གདན་བཞི།༤.འཕན་པོ།༥.བྲག་སོག༦.སྤྱིལབུ་བཅས།གསེར་ཀོང་ལ་མི་ཚན་གསུམ་སྟེ། ༡.ལི་ཐང༌།༢.བསམ་གླིང༌།༣.འཕྱོངས་རྒྱས་བཅས། རྡོ་ཁང་ཁང་ཚན་ལ་མི་ཚན་དྲུག་སྟེ། ༡.བསམ་གླིང༌།༢.གངས་གླིང༌།༣.ཡང་སྟེང༌།༤.མུ་ལི།༥.འཇུ་ལུང༌།༦.ཐང་སྐྱ་བཅས། ཕུ་ཁང་ཁང་ཚན་ལ་མི་ཚན་བཞི་སྟེ། ༡.ཡག་ར།༢.སྣང་བཟང༌།༣.ལོ་པ།༤.འབག་ཆོས།ཅོ་ནེ་ཁང་ཚན་ལ་མི་ཚན་གཉིས་སྟེ།༡.བ་ཤོག༢.ཨ་མདོ། ལྷོ་པ་ཁང་ཚན་ལ་མི་ཚན་གཉིས་ཏེ། ༡.བོད་པ།༢.ཁམས་པ་བཅས་སོ།། གྲྭ་གྲངས་ནི་ཐོག་མར༥༠༠དང་།བཻ་སེར་མཛད་སྐབས༡༡༠༠རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར༥༤༠༠ལྷག་ཙམ།ཁ་རྒྱུན་གྱི་གྲངས་ཚད༣༣༠༠བཅས་ཡིན།



རྩོམ་ཁུངས།   དུང་དཀར་ཚིག་མཛོད་ཆེན་མོ།

03.png

分享到: