ཨ་ཡིག་རིག་མཛོད།

མདོ་ལུའི་རྡོ་ཁ་དགོན་གྱི་ངོ་སྤྲོད་མདོར་བསྡུས།

73


         དཔལ་ལྡན་རྒྱལ་བ་ཇོ་ནང་པའི་རང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་མགོ་ལོག་རྨ་ཡུལ་མདོ་ལུའི་རྡོ་ཁ་དགོན་ཐུབ་བསྟན་ངེས་དོན་བཤད་སྒྲུབ་ཆོས་འཁོར་གླིང་ནི་བོད་རབ་བྱུང་བཅུ་དྲུག་པའི་ནང་ཚན་དུ་འཛམ་ངོས་རྡོ་རྗེ་འཆང་ཀུན་དགའ་ངག་གི་དབང་པོས་མདོ་སྨད་རྨ་ཀླུང་སྒེག་མོའི་ཉེ་འགྲམ། ངང་བའི་འཕྲང་ལུང་རི་ཁྲོད་དུ་ཐོག་མར་དབུ་འཛུགས་མཛད་ཅིང་། ཐུགས་སྲས་སློབ་མའི་གཙོ་བོ་ནེས་ཤེས་མཁྱེན་ལྡན་རྒྱ་མཚོ་དང་། ངང་བ་བླ་མ་ངག་བསྟན་སོགས་ལ་དུས་འཁོར་སྦྱོར་དྲུག་གི་སྔོན་འགྲོ་དང་། ཟབ་ལམ་ནཻ་གུ་ཆོས་དྲུག་སོགས་ཀྱི་ཟབ་ཁྲིད་མཐའ་ཡས་གནང་། དེ་ནས་གདན་རབས་གཉིས་པ་རྫ་ནང་བླ་མའམ་ནེས་ཤེས་མཁྱེན་ལྡན་རྒྱ་མཚོ་མཆོག་གིས་འཛམ་ངོས་རྡོ་རྗེ་འཆང་གི་འཕྲིན་ལས་ཀྱི་འཕྲོ་བསྐྱངས་ཏེ་སྨིན་གྲོལ་གྱི་གདམས་པ་མང་པོ་བསྩལ། གདན་རབས་གསུམ་པ་མཆོག་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའམ་སྤྲུལ་སྐུ་མདོ་ལུ་རིན་པོ་ཆེ་ཞེས་ཡོངས་སུ་གྲགས་པ་གང་ཉིད་དགུང་གྲངས་སུམ་ཅུ་ཡས་མས་ནས་གནས་འདིར་བྱོན་ཏེ་རྒྱལ་བའི་གསུང་རབ་རྡོ་མཁར་མཐོང་གྲོལ་ཆེན་མོ་བཞེངས་པའི་དབུ་བཟུང་ཞིང་ཆོས་སྡེ་འདིའི་ཁྲེར་ཕེབས་ཏེ་རྡོ་རྗེ་སློབ་དཔོན་གྱི་ཐུགས་འགན་བཞེས། ཐོག་མའི་སྐུ་མདུན་པ་ཆོས་སྐོར་བླ་མ་འཇིགས་འོད་དང་། སྐུ་ཚ་སྨོན་སེམས། ཁྱབ་བདག་བླ་མ་རིན་པོ་ཆེ་ངག་དབང་གསལ་ལྡན་རྒྱ་མཚོ།ཀ་ཐོག་དགེ་དཔལ། ལྕགས་མོའི་དོན་ལྡན་སོགས་ཐུགས་སྲས་བུ་ཆེན་དུ་མ་རིམ་བཞིན་གྲུ་ཁའི་མཚམས་ལུང་དུ་རྒྱུན་བཞུགས་མཛད་པ་ནས་ཆོས་སྡེ་འདི་ལ་མདོ་ལུའི་རྡོ་ཁ་དགོན་ཞེས་པའི་མཚན་ཆགས།གདན་རབས་བཞི་བ་མཆོག་སྤྲུལ་མདོ་ལུ་རིན་པོ་ཆེའི་སྐུ་དབོན་བླ་མ་སྨོན་སེམས་ལགས་ཨ་སྐྱོང་གོང་མ་ཚང་གི་དབྱར་བདག་ལ་ལོ་མང་བཞུགས་ཤིང་མཆོག་སྤྲུལ་རིན་པོ་ཆེ་སྐུ་འདས་རྗེས་མཚམས་ལུང་དགོན་པ་སྐྱོང་བཞིན་རྡོ་མཁར་དང་དུར་ཁྲོད་སོགས་བདག་གཉེར་དོན་སྨིན་མཛད།གདན་རབས་ལྔ་པ་ཀུན་སྤངས་མཚམས་པ་སྨོན་ལམ་བཟང་པོ་དང། མཆོག་སྤྲུལ་བསྟན་པའི་ཉི་མ་རྣམ་གཉིས་ཀྱི་ཐུགས་སློབ་སྲས་ཀྱི་ཐུ་བོ་ངེས་དོན་བསྟན་པའི་སྲོལ་འཛིན་སྐྱབས་རྗེ་ངག་དབང་གསལ་ལྡན་རྒྱ་མཚོ་མཆོག་གིས་ཡང་དར་བསྟན་པའི་སྐྱ་རེངས་གསར་བར་འཆར་བ་དང་བསྟུན། མགོ་ལོག་དགའ་བདེ་རྫོང་གོང་མ་སྨད་མ་ཡུལ་ཚོའི་མངའ་ཁོངས་ཆུ་བོ་ཁོ་ཟིའི་འབབ་རྒྱུན་རྨ་ཀླུང་ཕྱུག་མོར་འདྲེས་ལ་ཉེ་བ་མ་པང་བུ་འཇུག་གི་ཚུལ་དུ་གནས་པའི་འགྲམ་རྒྱུད་བན་ལུང་པདྨའི་ལྷ་ཐང་དུ་མདོ་ལུའི་རྡོ་ཁ་དགོན་ངེས་དོན་ཆོས་འཁོར་གླིང་འདི་ཉིད་སླར་ཡང་ཉམ་པ་སོར་ཆུད་མཛད་དེ་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་བསྐྱེད་རིམ་རྡོ་རྗེ་བཞི་དང་།རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཉམས་ལེན་གཙོ་བོར་བྱས་ཐོག་ཟབ་ལམ་ནཻ་གུ་ཆོས་དྲུག་དང་། བཀའ་བབ་དྲུག་ལྡན། རྫོགས་ཆེན་སྣང་སྦྱངས་། ཡི་དམ་རྟ་ཕུར་དང་འབྱུང་འདུལ་སོགས་ཀྱི་བསྐྱེད་རིམ་དུ་མ་བཅས་དབང་ལུང་ཁྲིད་གསུམ་གྱི་ཟབ་དོན་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བ་མ་ཟད་གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་རྣམ་ཐར་ཟློས་གར་འཁྲབ་སྟོན་གཙོ་བོར་བྱེད་པའི་༼ གེ་སར་རྣམ་ཐར་རྗེས་དྲན་ཚོགས་པའམ་རྨད་བྱུང་ཟློས་གར་མཐོང་གྲོལ་གླིང་དབུ་ཚུགས ༽ གཞན་ཡང་འཕགས་ཡུལ་འབྲས་སྒོ་རབ་འབྱམས་པ་དགེ་བཤེས་ངག་དབང་དངོས་གྲུབ་དཔལ་ལགས་ཆེད་དུ་གདན་འདྲེན་ཞུས་ཤིང་བཀའ་བསྡུ་བཞི་བའི་འགྲེལ་བ་ངེས་གསང་ཐུབ་བསྟན་མཛེས་རྒྱན་རྩོམས་བསྐུལ་གནང་བ་དང་།མཚན་ཉིད་གྲྭ་ཚང་ངམ་༼ བཤད་གྲྭ་མདོ་སྔགས་དར་རྒྱས་གླིང་། ༽གསར་འཛུགས་མཛད། བཤད་གྲྭའི་འཆད་ཉན་གྱི་བྱུང་རིམ་ལོགས་སུ་གསལ། གདན་རབས་དྲུག་པ་ད་ལྟ་སྐུ་འཚོ་ཞིང་བཞུགས་པ་སྐྱབས་རྗེ་མཁན་སྤྲུལ་རིན་པོ་ཆེ་ངག་དབང་རིག་པའི་རྡོ་རྗེ་མཆོག་གི་ཐུགས་བསྐྱེད་འོད་དཀར་སྣང་བའི་བསིལ་བྱིན་འོག་རྒྱལ་བསྟན་བཤད་སྒྲུབ་ཟུང་གི་འཇུག་པ་རབ་ཏུ་ཡངས་ཤིང་བསྟན་རྩ་དགེ་འདུན་འདུས་པའི་ཚོགས་ཀྱང་སྔར་ལས་འཕེལ་རྒྱས་སུ་ཕྱིན། བཙུན་གྲྭ་ཨེ་ཝཾ་མཁའ་སྤྱོད་བདེ་ཆེན་གླིང་གསར་འཛུགས་གནང་བ་དང་།བྱིན་ལྡན་རྡོ་མཁར་རིང་མོ་བཞེངས་སྐྲུན་མཛད་པ་སོགས་རྨད་བྱུང་འཁོར་ལོ་གསུམ་གྱི་མཛད་འཕྲིན་འཕེལ་ཞིང་རྒྱས་བཞིན་པའོ།།།།


རྨ་ཡུལ་མདོ་ལུའི་རྡོ་ཁ་དགོན་གྱི་ངོ་སྤྲོད་བསྡུས་པ་འདིའང་བོད་རབ་གནས་ས་ཕག་ལོའི་གྲོ་བཞིན་ཟླ་བའི་དམར་ཕྱོགས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན་མགོ་ལོག་པ་ཨ་སྨྱུག་གིས་མགྱོགས་བྲིས་བགྱིས་པའོ།

03.png



分享到: