གདན་རབས་བཞི་བཅུ་པ་དགེ་བའི་བཤེས་གཉེན་ཆེན་མོ་ཀུན་གསལ་རྒྱ་མཚོ།113
དེས་པའི་སློབ་དཔོན་དམ་པ་ཚངས་ཆེན་ལྷ་ཡི་གཙུག་གི་རྒྱན།། དུས་ཀྱི་སྟོན་པ་ཆེན་མོ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དངོས།། བཟང་བའི་ཡོན་ཏན་བཅུ་ལྡན་ཤཱཀྱའི་དགེ་སློང་ཨྰཙརྱ།། རྟག་པར་འབྲལ་བ་མེད་ཅིང་ཚེ་རབས་ཀུན་ཏུ་སྤྱི་བོས་བསྙེན།། དེ་ཡང་ལས་དང་བསྐལ་བ་བཟང་པོའི་བསོད་ནམས་ཀྱི་མཐུ་བྱིན་ཁྱད་པར་ཅན་དུས་སུ་སྨིན་ཏེ་ཐེག་པ་ཆེན་པོོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ། གཞུང་ཆེན་ཀ་པོད་ལྔ་གསང་སྔགས་རྒྱུད་སྡེ་དང་བཅས་པ་ལ་མངའ་དབང་འབྱོར་བའི་རྡོ་རྗེ་སློབ་དཔོན་གྱི་དེ་ཉིད་བཅུ་དང་ལྡན་པ། རང་དོན་དུ་མཁས་བཙུན་བཟང་གསུམ་མཚུངས་ཟླ་དང་བྲལ་ཞིང་གཞན་དོན་དུ་ཐོས་བསམ་སྒོམ་གསུམ་གྱི་མཛད་བཟང་མུ་ནས་རབ་ཏུ་སྐྱོང་བའི་དེད་འདྲེན་གྱི་མི་ཡི་སློབ་དཔོན་ཆེན་མོ། རང་དགོན་སྟོང་སྐྱབས་རྡོ་ཁ་དགོན་བསྟན་གཉིས་དར་རྒྱས་གླིང་འདིར་ཕེབས་པ་རྩིས་དང་བརྡ་ཡི་ལུང་གིས་ཟིན་པའི་དགེ་རྒན་བཀའ་དྲིན་ཅན་ཁོང་ནི་དེ་ཡང་ཇི་སྐད་དུ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས།། བདག་ཅག་བསོད་ནམས་སྐལ་བ་ལྡན།། ཞེས་པ་གསུངས་པ་ལྟར་རང་ཅག་གི་དགེ་བའི་ལམ་སྟོན་ཆེན་མོར་ཕེབས་དང་བཞུགས་བཞིན་པ་ནི་ཅི་འདྲའི་བསོད་ནམས་དང་ལྡན་པ་ཞིག་རེད་ཨང་། དེ་ལྟ་བུའི་མི་ཡི་ཤ་ཚུགས་སུ་བྱོན་པའི་སྐྱེས་བུ་རླབས་ཆེན་ཁོང་ཅག་ནི་ངེས་དོན་དུ་སངས་རྒྱས་པར་ཟིན་ནའང་ཐུན་མོང་གི་གདུལ་བྱའི་སྣང་ངོར་ཤར་བ་ཙམ་ཞིག་འཆད་པ་ལ། རང་དགོན་སྟོང་སྐྱབས་ཀྱི་གདན་རབས་བཞི་བཅུ་པ་ཁོང་གི་རྣམ་ཐར་ཀུ་ཤའི་རྩེ་མོའི་ཟིལ་བ་ཙམ་ཞིག་བརྗོད་ན་དགེ་རྒན་མཆོད་ཡོན་ཚང་གིས། སྒྲོ་འདོགས་ནག་པོའི་བསྲེ་སླད་མ་བྱས་ལ།། སྐུར་འདེབས་ཁྭ་ཏའི་ཝ་ཝ་མ་སྒྲོག་ཅིང་།། རང་བཞིན་སྲོང་བོའི་ས་བོན་གཤིན་པོ་ཞིག ། ཕྲན་ཙམ་ཡི་གེར་འགོད་པའི་ལས་ལ་བརྩོན།། ཞེས་གསུངས་པ་ལྟར་དོན་གང་ཞིག་གི་སླད་དུ་མཚན་ནས་སྨོས་ཤིང་རྗོད་ན། སྲིད་པའི་རྒྱ་མཚོ་རྔམ་ནག་ལ་རྫོགས་ཤད་བྲིས་ཤིང་ངེས་དོན་པཎ་གྲུབ་བྱེ་བ་ཡི་གཙུག་གི་རྒྱན་གྱུར། འདི་ཕྱིའི་ཕན་བདེ་ལེགས་ཚོགས་ཀྱི་བསྟན་པའི་སྲོག་འཛིན་ཆེན་མོ་གང་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ན་དགེ་བའི་བཤེས་གཉེན་ཆེན་པོ་ཀུན་གསལ་རྒྱ་མཚོ་མཆོག་ནི་བོད་རབ་བྱུང་བཅུ་བདུན་པའི་ཤིང་ཕོ་སྟག་གི་ལོའི་དགུན་ཟླ་ཐ་ཆུང་གི་ཚེས་ཉེར་བཞི་དང་ཕྱི་ལོ་1974ལོར་ཕ་ཡབ་བརྒྱ་དཔོན་བསོད་ནམས་རྒྱ་མཚོ་དང་མ་ཡུམ་བཙན་མོ་བཟའ་གཡང་ལོ་གཉིས་ཀྱི་སྲས་སུ་རྭ་རྒྱའི་འབྲོག་ཁྱིམ་ཞིག་ཏུ་སྐུ་བལྟམས། དེ་ནས་ཁོང་ཚང་གི་འབྲོག་ཁྱིམ་དེ་མཁར་རྔའི་སྣ་ཐོག་ཏུ་གནས་སྤར་ནས་ཞིང་འབྲོག་གཉིས་ཀ་གཉེར་ཞིང་ཁོང་ཉིད་ལ་སྐུ་མཆེད་མིང་སྲིང་མང་དུ་ཡོད་པ་ལས་དམ་པ་འདི་ནི་འབྲིང་ཆུང་དེ་ཡིན། སྐབས་དེར་ཁོང་ཉིད་དགུང་གྲངས་དགུའི་སྟེང་སྡེ་བའི་སློབ་གྲྭ་ཆུང་ཆུང་ཞིག་ཡོད་པ་དེར་ཞུགས་ཤིང་ཀློག་སློབ་པའི་དགེ་རྒན་ཐོག་མ་ཁོང་གི་མཆེད་ཡ་དགེ་སློང་མཁྱེན་བརྩེ་རྒྱ་མཚོ་ཡིན། དགུང་གྲངས་བཅུ་གསུམ་པའི་དགུན་ཁར་གཙང་དགོན་དོན་གྲུབ་རབ་བརྟན་གླིང་དུ་ཕེབས་ཏེ་ཞང་བོ་བློ་བཟང་དཔལ་འབྱོར་གནས་ཀྱི་བླ་མར་བསྟེན་ཏེ་ཁོང་གི་ཉེ་གནས་ལྟ་བུར་གྱུར། དགུང་གྲངས་བཅུ་གསུམ་པའི་ཧོར་ཟླ་དང་པོའི་ཚེས་ལྔ་ཉིན་རྗེ་སྔགས་ཆེན་པ་ཆོས་འཕེལ་རྒྱ་མཚོའི་དྲུང་ནས་བཙུན་པ་བཅོ་ལྔ་དང་ལྷན་དུ་རབ་ཏུ་བྱུང་ཞིང་རིམ་བཞིན་ཚོགས་ཆོས་གྲྭར་འགྲིམ་པའི་སྐལ་བཟང་བྱུང་། དགོན་པའི་སྒྲིག་སྲོལ་ལྟར་སྨོན་ལམ་རྣམ་ལྔ་དང་མངོན་རྟོགས་རྒྱན། དབུ་མ་འཇུག་པ་སོགས་ཟླ་ལྔ་བའི་ཚེས་བཞི་ཉིན་རྒྱུགས་ཆེན་ལ་ཕུལ་བར་མ་ཟད། གཙང་རྟགས་ཆོས་གྲགས་དགོངས་རྒྱན། བླ་མ་རྗེས་བཙུན་པའི་གྲུབ་དོན་ས་གསུམ། འགྲེལ་བ་དོན་གསལ་སོགས་ལྔ་བའི་བློ་རྒྱུགས་ཆེན་མོའི་སྐབས་རིམ་བཞིན་སྤྲད་དོ།། དགུང་གྲངས་བཅུ་བདུན་པར་ཆོས་གྲོགས་རྣམས་དང་མཉམ་དུ་རྗེ་སྔགས་ཆེན་པ་ཆོས་འཕེལ་རྒྱ་མཚོའི་དྲུང་ནས་ཁ་དོག་དཀར་དམར་ནས་བཟུང་མཚན་ཉིད་ཀྱི་རིགས་ལམ་སྦྱོང་མགོ་བརྩམས་ཤིང་བརྟུན་པའང་དྲག་ཏུ་བསྐྱེད་དེ་བསྡུས་གྲྭ་དང་རྟགས་རིགས། རྣམ་འགྲེལ། ཕར་ཕྱིན་རྣམས་ལ་བློས་གང་ལྕོགས་ཀྱིས་རིག་པའི་དཔྱད་དེ་སྦྱང་བརྩོན་བྱས། དེ་དུས་དགོན་པའི་བཀོད་སྒྲིག་ལྟར་རྒན་སངས་རྒྱས་རྒྱ་མཚོ་དང་རྒན་དམ་ཆོས་རྒྱ་མཚོ་གཉིས་ཀྱང་འཛིན་གྲྭའི་དགེ་རྒན་དུ་བཞག་པ་ཚུལ་བཞིན་དུ་བསྟེན་ཏེ་གཙང་རྟགས་ཆོས་གྲགས་དགོངས་རྒྱན་སོགས་ཀྱི་དཔེ་ཁྲིད་ཞུས། ཕྱི་ལོ1990ལོར་གུང་ཐང་སྐུ་ཕྲེང་དྲུག་པ་བསྟན་པའི་དབང་ཕྱུག་ཚང་གི་མདུན་ནས་དུས་འཁོར་དབང་ཆེན་ཐོབ། དེ་ནས་གཙང་དགོན་དུ་རི་ཤེས་མཁན་ཆེན་པ་བློ་བཟང་བསྟན་པའི་རྒྱལ་མཚན་དང་རྗེ་སྔགས་ཆེན་པ་ཆོས་འཕེལ་རྒྱ་མཚོ་རྣམ་གཉིས་ཀྱི་ཞལ་སྔ་ནས་དུས་འཁོར་དབང་ཆེན་དང་རྟ་མགྲིན་ཡང་གསང་ལྷ་དགུའི་དབང་། འཇིགས་བྱེད་ཀྱི་དབང་རྣམས་ཐོབ་པར་མ་ཟད། རྗེས་གནང་སྣ་ཚོགས་ཀྱི་དབང་ལུང་ཁྲིད་གསུམ་གང་མང་ཐོབ། ཕྱི་ལོ1994ལོར་རིཤེས་མཁན་ཆེན་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་དགེ་ཚུལ་དྲུག་ཅུ་ཡས་མས་ལ་དགེ་སློང་སྒྲུབ་སྐབས་རྗེ་སྔགས་ཆེན་པ་ཆོས་འཕེལ་རྒྱ་མཚོས་ལས་ཀྱི་སློབ་དཔོན་མཛད་དེ་བསྙེན་པར་རྫོགས་ཤིང་ཇི་ལྟར་ཁས་བླངས་བའི་སྡོམ་ཁྲིམས་ཀྱང་མིག་གི་འབྲས་བུ་ལྟར་སྲུང་བར་མཛད། མདོ་སྨད་འཇང་དགུན་ཆོས་ཐེངས་གཉིས་པ་གཙང་དགོན་པར་འཚོག་སྐབས་བསྟན་པ་ཆོས་འཕེལ་དང་ཁོང་གཉིས་ཚད་ཆེན་དམ་བཅའ་ལ་བཞུགས་ཤིང་དེས་བསྐུལ་མ་ལྟ་བུ་བྱས་ཏེ་ཕྱི་ལོ་1995ལོའི་བོད་ཟླ་༡༠བའི་ཚེས་༥ཉིན་ཏེ་དགུང་གྲངས་ཉེར་གཉིས་པར་སེ་ར་ཐེག་ཆེན་གླིང་དུ་སློབ་གཉེར་བྱེད་ཆེད་དབུས་འགྱུར་ལྷ་སའི་ཞིང་དུ་ཕེབས། རིམ་བཞིན་གྲྭ་སའི་སྒྲིག་ལམ་ལྟར་ཉེར་བསྡོགས་རྣམས་ཚགས་སུ་ཆུད་པ་བྱས་ཏེ་མཚན་བརྗོད་པར་དཀའ་བ་དོན་གྱིས་སླད་དུ་མཚན་ནས་སྨོས་ན་རྗེ་ངག་དབང་ཟླ་གྲགས་མཆོག་དང་དགེ་བཤེས་ཐེག་མཆོག་ཚང་། དགེ་བཤེས་བཀྲ་ཤིས་རྒྱལ་མཚན་རྣམ་གསུམ་བསྟེན་ཏེ་ཚད་ཕར་དབུ་གསུམ་སོགས་ལ་སྦྱངས་བ་མི་དམན་པ་བྱས་ཤིང་སེ་འབྲས་དགེ་གསུམ་གཙུག་ལག་ཁང་རྭ་སྟོད་རྣམས་ཀྱི་འཇང་དགུན་ཆོས་ཀྱི་ཚད་མའི་རྩོད་གྲྭར་ཡང་ལོ་གང་མང་ལ་ཕེབས་ཤིང་སེ་རྭ་ཐེག་ཆེན་གླིང་གི་བོད་ཟླ་བདུན་པའི་བློ་རྒྱུགས་སྐབས་རྗེའི་དྲང་ངེས་ལེགས་བཤད་སྙིང་བོ་ཡང་ཆ་ཚང་བློ་རྒྱུགས་ལ་ཕུལ། ཕྱི་ལོ2000ལོའི་བོད་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུའི་དགོང་མོར་ཐུབ་བསྟན་ཡེ་ཤེས་དང་ཁོང་གཉིས་ལེའུ་གཉིས་པའི་སྔོན་འཛིན་ཚད་ཆེན་དམ་བཅར་བཞུགས། སེ་ར་ནས་ཕྱིར་རང་ཡུལ་ལ་ཕེབས་པའི་སྐབས་ཤིག་ལ་རང་དགོན་གྱི་བསྟན་པའི་བདག་པོ་སྤྲུལ་འཇམ་དཔལ་བསྟན་འཛིན་ཡེ་ཤེས་ཀྱིས་བཀའ་ཡི་འཁོར་ལོས་ཡང་ཡང་བསྐུལ་བ་བཞིན་གཙང་པཎྚི་ཏ་བློ་བཟང་ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན་གྱིས་གཙང་དགོན་གྱི་ལས་སྣེ་བསྐོ་བཞག་དང་བསྟུན་འབྲུ་ཚ་རྐང་རིང་གི་ཕྱག་འཕྲིན་བསྐུར་ཞིང་ཐམ་ཀ་དམར་པོའི་རྒྱ་བཏབ་ཏེ་སྟོང་སྐྱབས་དགོན་པའི་དགེ་རྒན་ལ་བསྐོ་བཞག་མཛད་པ་བཞིན་རང་དགོན་སྟོང་སྐྱབས་སུ་ལས་ཐོག་མཁན་པོ་བློ་བཟང་ཚུལ་ཁྲིམས་སམ་མཁན་ནམ་རིས་དང་ལས་ཐོག་དགེ་སྐོས་སྤྲུལ་འཇམ་དཔལ་བསྟན་འཛིན་ཡེ་ཤེས་གཉིས་ཀྱི་སྐུ་རིང་ལ་དགེ་རྒན་ཡིད་བཞིན་ནོར་བུ་ཁོང་དགུང་གྲངས་ཉེར་བརྒྱད་པ་སྟེ་ཕྱི་ལོ་2001ལོའི་བོད་ཟླ༦པའི་ཚེས་༡༣ཉིན་མཁན་ཆེན་ཐུབ་བསྟན་སྦྱིན་པ་དང་དགེ་སྐོས་འབྲུག་དགའ་སོགས་བསུ་རུ་ཕེབས་ནས་དཔེ་ཁྲིད་དགེ་རྒན་དུ་ཕེབས། ཕྱི་ལོ་2003ལོར་རི་ཤེས་མཁན་ཆེན་བསྟན་པའི་རྒྱལ་མཚན་ལས་སྔགས་རིམ་ཆེན་མོའི་ལུང་ཆ་ཚང་ཐོབ། ཕྱི་ལོ་2013ལོའི་བོད་ཟླ་༥བར་ཟབ་དོན་དབུ་མའི་བགྲོ་གླེང་སྐབས་དྲུག་པ་གཙང་དགོན་པ་རུ་འཚོག་སྐབས་རྣམ་བདུན་རིགས་པའི་དཔྱད་རྩོམ་ཞིག་ཀྱང་མཛད་ལ་དྲིས་ལན་འདེབས་དགོས་པའི་དམ་བཅའ་ལའང་བཞུགས། འདིའི་ཡན་གྱི་སྐུ་ན་ཕྲ་དུས་ཀྱི་རྣམ་ཐར་མང་ཆེ་ཤོས་རིག་སྨྲ་ཨརྒྷཾ་ས་ར་གང་དེས་བྲིས་པ་གཞིར་བཞག་ཅིང་ཚིགས་དོན་གྱི་ཆ་ལ་བཅོས་བསྒྱུར་ཅུང་ཙམ་བྱས་ཏེ་གཏན་ལ་ཕབ། ཉིས་སྟོང་གསུམ་ཡས་མས་སུ་འབྲོག་དགའ་ལྡན་རྣམ་པའི་རྒྱལ་བའི་གླིང་ནས་དགེ་སྙན་གྲགས་ཚང་ངམ་བློ་བཟང་ཐར་པ་ཚང་གི་སྐུ་མདུན་ནས་མཛོད་རྩ་དང་འདུལ་སྡོམ་ཁྲིད་ལུང་ཆ་ཚང་ཞུས། ལྷོ་བ་འབྲུག་གྲགས་སམ་བློ་བཟང་འབྲུག་གྲགས་ཚང་གི་མདུན་ནས་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཞུས་པ་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ཏེ་ཐོབ་གྲངས་ནི་མཐའ་ཡས་ཤིང་དེ་ཙམ་ལས་འཐུས་པར་བྱས། གཞན་ཡང་ཐོག་མར་སྟོང་སྐྱབས་དགོན་པ་རུ་བྱོན་དུས་གཙང་པཎྚི་ཏ་དང་གཙང་དགོན་པའི་བཀའ་ཡིན་མོད་ད་ལྟ་འདུག་པ་འདི་ང་ཚོ་དགོན་པ་དང་སློབ་བུ་ཚོའི་བར་གྱི་འབྲེལ་ལམ་ཟབ་པ་ལས་ཡིན་ཞེས་གསུངས་འདུག་པ་བཞིན་ད་ལྟ་རང་དགོན་དུ་རང་ཚུགས་བརྟན་པ་གསེར་གྱི་ས་གཞི་དང་འདྲ་ལ་ཐུགས་རྒྱུད་དེས་པ་དངུལ་གྱི་མེ་ལོང་དང་འདྲ་བས་ཀུན་ཀྱིས་དགེ་རྒན་ཚང་ཞེས་སྙིང་ཁོངས་རུས་པའི་གཏིང་ནས་དད་པ་དང་གུས་པའི་བསྟོད་བསྔགས་ཀྱིས་མེ་ཏོག་གྲངས་མེད་གཏོར་གྱིན་འདུག དགོན་པ་འདིར་ཕེབས་ནས་ཁོང་ཚང་ལ་སློབ་བུ་ཚོ་དང་སྐྱབས་གནས་པ་དག་གིས་གསོན་པོའི་སྐྱབས་འཇུག་ཞུ་བ་དང་ཤི་བོའི་བསྔོ་རྟེན་འཇོག་པ་རྣམས་རྩིས་གྲངས་མི་མཛད་པར་སྒོར་མོ་ཅི་ཡོད་དངུལ་བྱང་ནང་དུ་བཞག་ཏེ་རང་དགོན་གྱི་འདུ་ཁང་གསར་བཞེངས་དང་བཤད་གྲྭའི་ཁང་བ་ལས་སྐབས་ལྷག་ལུས་མེད་པར་གནང་། གོ་ཚོད་དུ་འབུམ་གཉིས་ལྷག་ཡོད་ཟེར། ཁོང་ལ་ནི་བདག་འཛིན་ཡེ་ནས་མེད་པའི་ཚུལ་ཡང་འདི་ལས་ཀྱང་ཤེས་ཐུབ། དངོས་གནས་དྲང་གནས་དམ་པ་ཁོང་གི་ཡོན་ཏན་གྱི་ཆ་ཤས་ཡང་ཤས་ཙམ་ཡང་རྗོད་པའི་ལྕེ་རྡུགས་ནའང་ས་བཅད་མ་ཉམས་ཤིང་དཔེ་སྲོལ་མ་ཆགས་པ་ཙམ་ཞིག་ལ་ཐུགས་རྗེ་བྱིན་རླབས་དང་ལྡན་པའི་དགེ་རྒན་བཀའ་དྲིན་ཅན་ཁོང་གི་རང་དོན་དུ་མཁས་བཙུན་བཟང་གསུམ་གྱི་ཆ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་ཚུལ་རགས་བསྡུས་ཤིག་ཞུ་བར་འདོད་དོ།། ངེས་པ་དོན་གྱི་མ་ཧ་པཎྚི་ཏ་ཆེན་མོ། མདོ་སྔགས་རིག་གནས་དང་བཅས་པ་ལ་མཐོང་རྒྱ་མཁའ་ལྟར་ཡངས་བའི་དམ་པ་ཁོང་གི་མཁས་པའི་ཚུལ་གྱི་ཡོན་ཏན་བརྗོད་པ་ལ་བདག་བློའི་ཁབ་ཀྱི་བུ་གར་ག་ལ་ཤོང་མོད། དཔེར་ན་གཞུང་ཆེན་ཀ་པོད་ལྔའི་གང་ཞིག་འཆད་ཁྲིད་མཛད་པ་ལ་གང་ལས་གང་མཁས། གང་ཞིག་འཆད་པ་ལ་འདི་གཅིག་པོ་ཆེད་དུ་སྦྱང་བ་འདྲ་སྙམ་པའི་བློ་སྐྱེ་ཞིང་ངོ་མཚར་བའི་མཁས་པ་ཁྱད་ཆོས་ཅན་ཞིག་ལགས། གཞན་མཁས་པའི་ཡོན་ཏན་ཁོང་དུ་སྦས་ཞེས་པ་ལྟར་ཇི་ལྟར་མཁས་ཀྱང་མངོན་འདོད་དང་ངོམ་ཆོས། ཡང་ན་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མ་ཡོངས་སུ་སྤངས་བས་ཆེ་འདོད་དང་གྲགས་འདོད་གཞི་ནས་སྤངས་བ་ལྟ་བུར་གནས། ཆུང་ས་ནས་ཕྱག་བྲིས་ཚུན་ཆད་འགྲན་ཟླ་དང་བྲལ་གཤིས་ཁོང་གི་ཡོན་ཏན་མི་བརྗོད་ཐབས་མེད་ཀྱི་གནས་སུ་བཅར། མདོར་ན་མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་གང་ཅིའི་ཐད་ནས་འཕགས་བོད་མཁས་པའི་ཁྲོད་ན་ངོ་གནོང་མི་དགོས་པའི་ཚད་དུ་འདུག་ལ་འདི་ནི་དམ་པ་ཁོང་གི་མཁས་པའི་རྣམ་ཐར་ཤིན་ཏུ་མདོར་བསྡུས་ཏེ་བསྟན་པའོ།། ད་ནི་བཙུན་པའི་ངོས་ནས་གླེང་ན་རང་དགོན་སྟོང་སྐྱབས་སུ་ཕེབས་ནས་མི་ལོ་ཧྲིལ་བོ་བཅོ་བརྒྱད་ཀྱི་རིང་ལ་དཔེ་ཁྲིད་གནང་བའི་རྒྱུད་རིམ་ཡིན་ན་འདྲ། ཐོག་མར་ཁོང་གི་དཔེ་ཆར་སློབ་གཉེར་བྱེད་པའི་གོ་རིམ་ཡིན་ན་འདྲ་ཕལ་བའི་བློ་ངོར་མཐོང་ན་མི་མཐུན་པ་མེད་ཅིང་མཇལ་ན་དད་པ་འཁྲུངས་བའི་སྐྱེས་ཆེན་གསེར་ནག་གི་རི་འདྲ་བ་ཞིག་ལགས། ཁོང་ཉིད་ཀྱི་བཙུན་པའི་ཡོན་ཏན་གྱི་ཆ་ནས་བརྗོད་ན་འདི་ཨེ་བདེན་སྙམ་པའི་དོགས་པ་འཆར་ཞིང་ལྷག་པར་དུ་ནམ་རྒྱུན་ཁོང་གི་སར་དཔེ་ཁྲིད་ཞུ་རུ་ཕེབས་པ་དག་དང་གསལ་ཆ་ཡོད་པ་རྣམས་ཧ་ལས་ཤིང་ཧང་སང་སྟེ་ཁོང་གི་བཙུན་པའི་ཡོན་ཏན་འདྲ་ཞེས་སངས་རྒྱས་བཅོམ་ལྡན་འདས་མི་ཡུལ་དུ་ཕེབས་པ་ལྟ་བུའི་བསྟོད་བསྔགས་བྱེད་ཅིང་དོན་ལའང་གནས། དཔེར་ན། སྟོང་སྐྱབས་ལུང་བ་ལྟ་བུའི་མི་ཁ་བདག་མེད་དུ་བོར་ཞིང་བཟང་ངན་གོ་ལྡོག་པའི་ས་ཆ་འདི་ནས་ཀྱང་ཁོང་ལ་ངན་སྨྲས་བཤད་པ་དང་མི་བཙུན་ཟེར་བ་གཅིག་ཀྱང་མེད། ཐ་ན་གཟིམས་མལ་དུ་དཔེ་ཆར་གཟིགས་ཤིང་ཉམས་ལེན་མཛད་དེ་བཞུགས་པས་ཐང་བཞེངས་ཙམ་ལ་བྱོན་པར་མཐོང་བའི་མི་ཡང་ཧ་ཅང་དཀོན། མགོ་ལོག་དང་མདོ་སྟོད་སྨད་ཀྱི་འཇང་ཆོས་གང་ཡིན་ན་འདྲ་སྟོང་སྐྱབས་དགོན་པའི་དགེ་རྒན་ཀུན་གསལ་རྒྱ་མཚོ་ཞེས་མཚན་སྙན་དཀར་པོའི་བ་དན་སྲིད་པའི་དཔལ་ལ་མངོན་པར་བསྒྲེངས། ཕྱི་བཙུན་ནང་བཙུན་གྱི་སེམས་དཔའ་ཆེན་མོ། ཐར་བའི་ལམ་སྟོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་ཁོང་གི་བཙུན་པའི་ཡོན་ཏན་མཐའ་དག་བརྗོད་ན་ལྕེ་སྟོང་གིས་ནི་བརྗོད་མི་ནུས་ཞེས་པ་ལྟར་འབྲི་ག་ལ་ཚར། འོན་ཏེ་རང་དགོན་སྟོང་སྐྱབས་ཀྱི་གདན་རབས་བཞི་བཅུ་པའི་རྣམ་ཐར་མདོར་བསྡུས་ཤིག་འབྲི་བའི་ཚབ་ཏུ་བྲིས་པའི་ཁུལ་བྱས་སོ།། འདི་ཡང་ཁོང་གི་བཙུན་པའི་ཡོན་ཏན་གྱི་ཆ་ཤས་ཙམ་ཞིག་ཡིན་ལ་ད་ནི་བཟང་བའི་ཡོན་ཏན་གྱི་ངོས་ནས་བལྟས་ན་མི་སོ་སོ་དང་སློབ་མ་སོ་སོའི་ཁམས་དང་མོས་པ་ཇི་བཞིན་བཀའ་སློབ་ཟབ་མོ་དང་གདམས་ངག་བཅུད་ཆེན་མང་དུ་གསུངས་ཤིང་ངེས་པར་དུ་ཤེས་དགོས་ཤིང་ཁྱད་པར་དུ་འཕགས་པ་ནི་མི་གཞི་གསེར་ལས་ལྷག་པ། ས་སྟེང་ན་འགྲན་ཟླ་དང་བྲལ་བ། སུ་དང་གང་གི་སྤྱན་ལྟོས་སུ་ཆེ་བ། ཡང་དག་དགེ་བའི་བཤེས་གཉེན་གྱི་སྐྱེས་བུ་དམ་པ་ཁོང་ཉིད་ལ་འདི་ནས་མི་བཟང་བ་དང་དེ་ལ་འགལ་བའི་མི་བུ་གཅིག་ཀྱང་ཡོད་པར་མ་ཐོས་ཤིང་མི་ཤེས། དེ་མིན་ཀུན་ལ་མཐུན་པའི་མི་བུ་ནི་ས་ལྒང་ཧྲིལ་བོའི་སྟེང་ན་ཉིན་སྐར་ལས་ཀྱང་དཀོན་མོད་དངོས་གནས་དྲང་གནས་ཀྱི་སྐྱེས་བུ་ཁོང་གི་བཟང་བའི་ཡོན་ཏན་ནི་ས་ལེ་སྦྲམ་གྱི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞིན་གང་དུ་མི་བཟང་བ་དང་མི་རན་པ་གཅིག་ཀྱང་མེད། ལྷག་པར་གཞན་གྱི་སྐྱོན་ཆ་ཤིན་ཏུ་གསལ་བོར་མཐོང་བ་དང་མ་དག་པའི་སྣང་བ་འབའ་ཞིག་འཆར་བའི་སྐྱེ་བོ་བདག་ལྟ་བུ་ལའང་ཁོང་གི་བཟང་བའི་ཡོན་ཏན་གྱིས་དད་པའི་ཡིད་དབང་རབ་ཏུ་འགུག་པས་འདི་ལྟ་བུའི་རྣམ་ཐར་གྱི་ཆེ་བ་ཤོར་ཏེ་ཐལ། དེ་མ་གཏོགས་སྒྲོ་སྐུར་གྱི་ཉེས་པ་གཉིས་ལ་ཆེ་ཆུང་མེད་ཅིང་ཡོན་ཏན་མེད་པ་ལ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་བ་ལ་ཁོ་བོ་དགའ་བོ་མེད་པས་ཅིའི་ཕྱིར་འབྲི། དེ་ལྟར་ཁོ་བོ་མ་དག་པའི་སྣང་ངོར་ཇི་ལྟར་སྣང་ཞེ་ན། སངས་རྒྱས་ཟེར་བའང་ཁོང་ལྟ་བུ་ལ་བྱེད་དེ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ཚང་ཞིག་ཏུ་སྣང་བའི་ཕྱིར་རོ།། ཨེ་བདེན་སྙམ་ན་རང་དགོན་གྱི་གདན་རབས་དང་མཁན་རབས་གང་དུའང་འདི་ལྟར་བྲིས་མེད་པ་འདིས་ཀྱང་ཤེས་ལ་མ་འོངས་རྩིས་ཀྱི་ལུང་བསྟན་ཞིག་ཏུའང་། ཤར་ཀྱི་མཁས་ཆེན་དམ་པ་གཉེན་གཅིག་པུ་ཞེས་རང་དགོན་འདིར་ཁོང་ཕེབས་པ་གསལ་བོར་གསུངས་ཡོད་ལ་དེའི་མཇུག་ཏུ་དགོན་དེའི་བསམ་པ་འོད་དཀར་གླིང་དུ་བསྙེག་ཅེས་ཁོང་དང་ཁོང་ལྟ་བུའི་སྐྱེས་ཆེན་རྣམས་ཀྱི་བཀའ་དྲིན་དང་བྱིན་རླབས་ལས་དགོན་པ་འདིས་བསྟན་འགྲོའི་དོན་ཆེན་འགྲུབ་པའི་རྟེན་འབྲེལ་དུས་སུ་སྨིན་པ་ཅི་ལ་མིན། ཡང་བསྟན་འགྲོའི་སྤྱི་དཔལ་ཆེན་པོའི་བརྡ་རུ་ཤར་བའི་ལུང་བསྟན་ཞིག་ལ། ལས་ཀྱི་བླ་མ་ཤར་གྱི་ཕྱོགས་ནས་རྙེད།། བསླུ་མེད་རང་སེམས་ནོར་བུ་ལག་ཏུ་ལོན་ཞེས་པའང་ཁོང་ཉིད་མིན་ན་སུ་ཞིག་ཡིན། བཀའ་དྲིན་གྱི་ངོས་ནས་བསམ་ན་རང་དགོན་སྟོང་སྐྱབས་འདི་བཙུགས་ནས་དུས་རབས་གཉིས་འགོར་ལ་ཉེ་བའི་རིང་ལུང་རྟོགས་ཀྱི་བསྟན་པ་ལ་ཕྱག་རྗེས་ཆེས་ཆེ་བའི་གདན་རབས་སུ་བགྲངས་འོས་ཤིང་དོན་ལའང་གཞུང་ཆེན་ཀ་པོད་ལྔའི་དཔེ་ཁྲིད་གཅིག་པུའི་སྐུ་དྲིན་ཀྱང་ས་གཞི་གསེར་གྱིས་བཀང་། རི་ལུང་ནོར་གྱིས་བཀང་ཡང་གཞལ་ཐབས་བྲལ་བ་ཞིག་ཡིན། དེ་ལྟར་རང་དོན་དུ་འཆད་རྩོད་རྩོམ་གསུམ་གནང་བའི་རྣམ་ཐར་ཤིན་ཏུ་མདོར་བསྡུས་ཏེ་བསྟན་ཟིན་ལ་གཞན་དོན་དུ་ཐོས་བསམ་སྒོམ་གསུམ་མཛད་པའི་རྣམ་ཐར་ནི་ཁོང་གི་རྣམ་ཐར་སྤྱིའི་ཆ་ནས་ཅུང་ཟད་བཤད་ཟིན་པས་འདིར་ལོགས་སུ་མ་བྲིས་སོ།། གཞན་ཡང་ཕྱི་ལོ2018ལོའི་ཟླ་དགུ་བར་མགོ་ལོག་ཁུལ་ནང་བསྟན་ཐུན་ཚོགས་ཀྱིས་གདན་འདྲེན་ཞུས་པ་ལྟར་དཔལ་རི་བོ་དགེ་ལྡན་པའི་གྲུབ་མཐའ་གཞིར་བཞག་སྟེ་དཔེ་ཁྲིད་གནང་ཞིང་གཟེངས་རྟགས་ཐོབ། ད་ལྟ་དགུང་གྲངས་ཞེ་བཞི་པ་སྟེ་སྟོང་སྐྱབས་རྡོ་ཁ་དགོན་བསྟན་གཉིས་དར་རྒྱས་གླིང་གི་བཤད་གྲྭ་རྨད་བྱུང་མཐོ་རིམ་སློབ་གླིང་དང་དགེ་འདུན་འདུས་པ་རྒྱ་མཚོར་མདོ་སྔགས་རིག་གནས་དང་བཅས་པར་དཔེ་ཁྲིད་གནང་ཞིང་བཤད་སྒྲུབ་འཁོར་ལོའི་བཀའ་དྲིན་སྐྱོང་བཞིན་པ་འདི་ལགས་སོ་ཞེས་ཁོང་གི་སྐུ་དངོས་ཀྱི་སློབ་བུ་ལྡོང་ཁྲི་བཙན་དུ་འབོད་པས་བྲིས་པའོ།། སླར་སྨྲས་པ། ངེས་དོན་མཁས་པའི་དབང་ཕྱུག་འཇམ་དཔལ་སྨྲ་བའི་པུས་ཏི་ཀ ། ཐུགས་རྒྱུད་བཙུན་པའི་ཚུལ་མངའ་པད་དཀར་འཛིན་དང་དབྱེར་མེད་པ།། ཀུན་ཏུ་བཟང་པོའི་ཉལ་འགྲོ་མཐུ་ལྡན་དཔའ་བོའི་རིག་པ་འཛིན།། དགེ་ལེགས་སྣང་བའི་མུ་ཁྱུད་འཛིན་མའི་ཁྱོན་ལ་གྲགས་གྱུར་ཅིག ། རྩོམ་ཁུངས། ལྡོང་ཁྲི་བཙན་གྱིས་བརྩམས་པའི་ཨ་མཆོད་ཚང་གི་རིག་གནས་ལོ་རྒྱུས་དེབ་ལས་བཤུས། |