གདན་རབས་ཞེ་གཉིས་པ་འཛོ་ཚའི་མཁན་ཆེན་བློ་བཟང་སྙན་གྲགས།300
གདན་རབས་ཞེ་གཉིས་པ་འཛོ་ཚའི་མཁན་ཆེན་བློ་བཟང་སྙན་གྲགས་མཆོག་ནི་བོད་རབ་རྒྱལ་ས་ཕོ་སྟག་གི་ལོ་སྟེ་ཕྱི་ལོ་1938ལོར་ཕ་ཡབ་མཛོ་ཚའི་ཚེ་སྐྱབས་དང་མ་ཡུམ་རྒྱ་བཟའ་བཀྲ་ཤིས་མཚོའམ་མེ་གཉིས་ཀྱི་སྲས་སུ་རྒྱབ་སྐོར་སྟོད་མའི་སྡེ་གླིང་དུ་ངོ་མཚར་བའི་ལྟས་བཟང་ཕུན་སུམ་ཚོགས་པ་དང་བཅས་སྐུ་བལྟམས། བྱིས་པའི་དུས་ནས་ཀྱང་ཐ་མལ་གྱི་བྱ་སྤྱོད་ལས་རིང་དུ་འདས་ཤིང་རྣམ་དཔྱོད་ཡངས་ཤིང་བྱམས་སེམས་ལྡན་པ། ཆོས་ལ་འདོད་འདུན་ཆེ་བ།སྡིག་པ་མི་དགེ་བའི་ལས་ལ་རང་བཞིན་གྱིས་འཛེམ་པ་སོགས་ལྷན་སྐྱེས་ཀྱི་ཡོན་ཏན་དུ་མ་མངའ་བའི་རིགས་བཟང་གི་སྐྱེས་བུ་དམ་པ་ཞིག་ཡིན།དགུང་ལོ་དྲུག་གི་སྟེང་ཞང་བོ་ངག་དབང་ཕུན་ཚོགས་དང་བསྟན་འཛིན་ཆོས་འཕེལ་གཉིས་ཀྱི་མདུན་ནས་ཀློག་བསླབས་ཤིང་ཡི་གེ་དབུ་ཅན་དང་དབུ་མེད་སོགས་ཚེགས་ལ་མ་ལྟོས་པར་ལེགས་པར་ཁོང་དུ་ཆུད། དགུང་ལོ་དགུའི་སྟེང་དགེ་བའི་བཤེས་གཉེན་བསོད་ནམས་དཔལ་ལྡན་གྱི་མདུན་ནས་རབ་ཏུ་བྱུང་ཞིང་མཚན་ལ་བློ་བཟང་སྙན་གྲགས་ཞེས་གསོལ།དགུང་གྲངས་བཅུ་གསུམ་སྟེང་ལབ་མཁན་ཆེན་སྐུ་ཕྲེང་དགུ་བ་ཐུབ་བསྟན་འཇམ་དབྱངས་ཉི་མ་འཇིགས་མེད་རྣམ་རྒྱལ་དཔལ་བཟང་བོས་དྲུང་ནས་བསླབ་ཚིག་སྔ་མ་དགེ་ཚུལ་གྱི་སྡོམ་པ་ཞུས་ཤིང་མཚན་ལ་ཐུབ་བསྟན་ཆོས་འཕེལ་ཞེས་གསོལ།སྐུ་ན་ཕྲ་དུས་ནས་སྟོང་སྐྱབས་རྡོ་ཁ་དགོན་བསྟན་གཉིས་དར་རྒྱས་གླིང་གི་ཆོས་གྲྭར་རྒྱུན་བཞུགས་བྱས། ཕྱི་ལོ1978ལོར་ཤར་འོད་མཁན་པོ་བློ་བཟང་ཤེས་རབ་ཀྱི་མདུན་ནས་བསྙེན་པར་རྫོགས་ཤིང་ཆོས་འདུལ་བ་ནས་བསྟན་པའི་བཅས་པ་ཕྲ་རགས་ཐམས་ཅད་མིག་གི་འབྲས་བུ་ལྟར་བསྲུང་བར་མཛད། མཁན་བློ་བཟང་བསྟན་འཛིན་དཔལ་བཟང་བོ་དང་ཨ་མདོ་དགེ་བཤེས། སྤྲུལ་སྐུ་གསུང་རབ། སྤྲུལ་སྐུ་རྡོར་དགྲ་སོགས་སྐྱེས་ཆེན་དུ་མ་བཅུ་ཕྲག་འགའ་ཉེས་པ་གསུམ་གྱིས་བསྟེན་ཏེ་མདོ་སྔགས་རིག་གནས་ཉམས་ལེན་དང་བཅས་པ་མཐའ་འཁྱོལ་བ་མཛད། དགུང་གྲངས་ཞེ་དགུའི་སྟེང་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་གི་མཁན་རབས་ཉེར་བཞི་པའི་ཐུགས་འགན་བཞེས་ཤིང་འདུས་སྡེ་ཡོངས་ལ་བཀའ་སློབ་དང་གཙོ་བོ་ཉམས་ལེན་སྐོར་གྱི་དཔེ་ཁྲིད་གནང་།
ཕྱི་ལོ་1998སྟེ་རབ་རྒྱལ་ས་སྟག་ལོར་མཁན་ཕན་སེམས་སང་གིས་བསྐུལ་བ་ལྟར་རང་དགོན་ནས་རྗེ་ཙོང་ཁ་བ་ཡབ་སྲས་གསུམ་གྱི་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་གསུངས། དགུང་ལོ་བདུན་ཅུ་བར་རང་དགོན་སྟོང་སྐྱབས་འདིའི་གདན་རབས་ཞེ་གཉིས་པ་དང་། ཨ་སྐྱོང་ཨ་མཆོད་ཚང་གི་རྡོ་རྗེ་སློབ་དཔོན་གྱི་འགན་བཞེས་ཤིང་ཆོས་སྲིད་ལུགས་གཉིས་ཀྱི་ཆ་ནས་དགོན་འདིའི་བདག་པོ་གཅིག་པུར་གྱུར་ཏེ་བསྟན་འགྲོའི་དོན་རླབས་ཆེན་མཛད། ཕྱི་ལོ་2007ལོར་བསྟན་འགྲོ་སྤྱིའི་དོན་དུ་སྒྲོལ་མ་འབུམ་འཚོགས་ཆེན་མོ་ལོ་རེའི་དབོ་ཟླ་བའི་ཚེས་གཅིག་ནས་བཟུང་སྟེ་ཟླ་གཅིག་གི་རིང་འཚོག་བཞིན་པ་མཆིས།ས་ཕོ་སྟག་གི་ལོ་ནས་དབུ་བཟུང་སྒོར་ས་ཡ་ལྷག་གི་རང་དགོན་དུ་རྟེན་དང་བརྟེན་པ་ལྟོས་པ་མེད་པར་བཞེངས་བསྐྲུན་བྱས་ཏེ་འགྲུབ། ཁོང་གི་རྣམ་ཐར་འདི་ལས་རྒྱས་པ་རང་དགོན་གྱི་མཁན་རབས་ཉེར་བཞི་བར་གསལ་བས་དེར་གཟིགས་པར་ཞུའོ།། རྩོམ་ཁུངས། ལྡོང་ཁྲི་བཙན་གྱིས་བརྩམས་པའི་ཨ་མཆོད་ཚང་གི་རིག་གནས་ལོ་རྒྱུས་དེབ་ལས་བཤུས། |