༄༅། །གསང་སྔགས་ཀྱི་རྒྱ་དཔེ་དང་འབྲེལ་བའི་བརྗེད་བྱང་།2
རྩོམ་པ་པོ། སྟོང་དཔོན་བསོད་ནམས་ཡར་འཕེལ། དེའང་བོད་གངས་ཅན་གྱི་ཕ་ཆོས་རིན་ཐང་བྲལ་བ་གསང་སྔགས་བླ་ན་མེད་པའི་ཆོས་ཀྱི་བརྒྱུད་ཁུངས་ནི་རྒྱ་གར་འཕགས་པའི་ཡུལ་དུ་གྱུར་པ་ཡིན་པ་ཤིན་ཏུ་གསལ་ཡང་། དེང་སང་རང་ངོ་མི་ཤེས་པ་འགའ་རེས། ཆོས་ཁུངས་བཙུན་པ་ཡོད་མེད་ལ་དོགས་སློང་བྱེད་བཞིན་ཡོད་པ་དག་ལ་ཆོས་ཀྱི་རྒྱ་དཔེ་འགའ་རེ་འོས་སྦྱོར་དང་རང་ཉིད་ཀྱིས་མི་བརྗེད་པའི་དྲན་ཐོ་འགའ་འབྲི་བར་འདོད། དེ་ཡང་མཁས་བཙུན་གྲུབ་པའི་དབང་ཕྱུག་སོག་ཟློག་པ་ཆེན་པོས་མཛད་པའི་བརྒལ་ལན་ངེས་དོན་འབྲུག་སྒྲ་ལས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དུས། །ཇི་ལྟར་བསྒྱུར་བའི་རྒྱ་དཔེ་རྣམས། །དེང་སང་བར་དུ་བསམ་ཡས་བཞུགས། །འདི་དག་ཇོ་བོ་ཨ་ཏི་ཤས། །ཞིབ་ཏུ་གཟིགས་པས་ཤིན་ཏུ་དགྱེས། །དེ་དུས་བསྟན་པ་དར་བ་ཙམ། །རྒྱ་གར་དུ་ཡང་མ་བྱུང་གསུངས། །སློབ་དཔོན་པདྨས་ཤྲི་ལེནྡྲ། །སྡེ་བརྒྱད་མཁའ་འགྲོའི་མཛོད་སོགས་ནས། །བླངས་པས་རྒྱུད་སྡེ་རྒྱ་གར་ལས། །བོད་ན་མང་བ་དེ་ཡིན་གསུངས། །འགའ་ཞིག་ཞལ་བཤུས་རྒྱ་གར་བསྐུར། །ལོ་རྒྱུས་ལམ་ཡིག་ཆེན་མོར་ལྟོས། །ཞེས་འབྱུང་ཡོད་ལ། ལོ་ཙྭ་པ་འགོས་ལྷས་བཙས་ཀྱི་འབྱམས་ཡིག་ལ་ལན་དུ་བརྗོད་པ་ལས། དུས་ཕྱིས་བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་སྔོན་ཨོ་རྒྱན་གྱི་རྒྱ་དཔེ་ཡོད་པ་བཅོམ་ལྡན་འདས་རིག་པའི་རལ་གྲིས་རྙེད་པའི་དཔེ་བྱུང་བ་དང་། བལ་པོ་ཐང་བྷི་ཧྭ་ར་ནས་གློ་བོ་ལོ་ཙྭ་པ་ཆེན་པོ་དཔལ་ལྡན་བྱང་ཆུབ་ཀྱིས་རྙེད་པའི་རྒྱ་དཔེ་ལས་བཤུས་པའི་དཔེ་ཡོད་པ་ལས། སྔར་གྱི་འགྱུར་རྙིང་དང་བསྟུན་པས་ཁྱད་ཆེ་བར་མཐོང་ནས། ལོ་ཙྭའི་མིང་ཅན་མ་ཎི་ཀ་ཤྲི་ཛྙ་ནས་ཟུར་ཁང་དགའ་ལྡན་གླིང་དུ་ལྕགས་ཕོ་སྤྲེའུ་ལོ་སྟོན་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཡན་ལ་འགྱུར་རྣམས་ལེགས་པར་བཅོས་ཤིང་གཏན་ལ་ཕབ་པའོ། །ཞེས་བྱུང་ཡོད། མི་སྐྱོད་པའི་ཡིན་པར་གྲགས་པའི་ཆབ་ཤོག་གི་དྲིས་ལན་ལས། གྲུབ་ཆེན་ཨོ་རྒྱན་པའི་གསུང་ལས་ཀྱང་། བལ་བོ་ན་རྙིང་མའི་རྒྱ་དཔེ་མང་དུ་འདུག་པ་ལ། ངས་བོད་ཀྱི་སྔགས་པ་རྣམས་ལ་ཁྱེད་རང་ཚོ་མང་ཡལ་དུ་དེངས། ངས་རྙིང་མའི་པཎྜི་ཏ་དང་རྒྱ་དཔེ་ཚུར་བཀུག །ལོ་ཙྭ་པ་ངས་བྱས་ཏེ་བསྒྱུར་བྱས་པ་ལ། བོད་ཀྱི་སྔགས་པ་རྣམས་བུ་སྨད་གསོ་བས་གཡེངས་ཏེ་མ་འགྲུབ། ད་དུང་འགྱུར་མང་དུ་བྱ་རྒྱུ་འདུག་པ་ལ། ཞེས་དང་། དེ་ཉིད་ལས། ཐར་པ་ལོ་ཙྭ་པས་གསང་སྙིང་མ་རྒྱུད་ལ་འགྱུར་མཛད། བསམ་ཡས་སུ་གསང་བ་སྙིང་པོའི་རྒྱ་དཔེ་ཁ་ཆེ་པཎ་ཆེན་གྱི་ཕྱག་ཏུ་བྱུང་བ་རྟ་སྟོན་གཟི་བརྗིད་ལ་བབས། དེ་ནས་ཤ་གང་ལོ་ཙྭ་པ་ལ་བྱུང་བ་བཅོམ་ལྡན་རལ་གྲིས་བླངས་ཏེ་འགྱུར་བཅོས་མཛད། གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བའི་བསྟན་བཅོས་མཛད། དེ་དུས་ཤ་གང་ལོ་ཙྭ་པས་བཅོམ་ལྡན་རལ་གྲི་ལ་བསྐུར་བའི་ཡི་གེ་ནི། བསིལ་ལྡན་འདི་ན་སྡེ་སྣོད་མཛིན་རྣམས་ཀྱི། །ནང་ན་རྒྱུ་སྐར་རྒྱལ་པོ་གང་བ་ལྟར། །ཀུན་ནས་ཀུན་ཏུ་རབ་ཏུ་མཛེས་གྱུར་པ། །མཁས་ཆེན་བཅོམ་ལྡན་རལ་གྲི་རྒྱལ་གྱུར་ཅིག །སྤྱན་སྔར་ཞུ་བ། གསང་བ་སྙིང་པོའི་རྒྱ་དཔེ་བྲིས་ལ་བསྐུར་གསུངས་པ། དཔེ་དེ་ཏ་ལའི་ལོ་མ་ལ་ཡི་གེ་ཝརྟུ་ཤིན་ཏུ་ལེགས་པར་བྲིས་པ། སྔ་དུས་སུ་བྱོན་པས་ཡི་གེ་ལ་ལ་བསུབས། ལེའུ་དགུ་པ་ནས་ཏ་ལའི་བྱང་བུ་གཅིག་ཀྱང་ཆད། མཇུག་བྱང་མ་རྫོགས་པ་ཞིག་གདའ། འོན་ཀྱང་ལེའུ་ཉེར་གཉིས་པ་རྫོགས་ནས་མ་འགྱུར་བའི་ལེའུ་གཉིས་རྫོགས་སུ་ཉེ་བ་གཅིག་གདའ། དེས་ཀྱང་ཅི་ཙམ་རྫོགས་མ་འཚལ། གཉིས་པོ་འདི་ལ་འབྲུ་ཐུག་བགྱིས་ན་ཅུང་ཟད་གོའམ་སྙམ་སྟེ་མ་བགྱིས། འགའ་ཞིག་ལ་ཅུང་ཟད་བགྱིས་པ་འདི་དག་ལའང་ནོར་བ་མཆིས་པས་དེ་རྣམས་ལེགས་པར་འཆོས་པ་དང་། འདི་གཉིས་ལེགས་པར་བསྒྱུར་བར་ཡང་ཞུ། གཞན་མཚམས་སྦྱོར་མ་བྱས་པ་དང་། ཚིགས་བཅད་ལ་ཤད་མ་བྲིས་པ་རྣམས་རྒྱ་དཔེ་ལ་ཇི་ལྟར་འདུག་པ་བཞིན་བྲིས་པ་ལགས་སོ། །དག་ཞུས་ཀྱང་བགྱིས་སོ། །ཞེས་བྱུང་ཡོད། དེ་བཞིན་དུ་འགོས་ལོའི་དེབ་སྔོན་ལས། བོད་འདིར་རྡོ་རྗེ་ཕུར་བུའི་སྒྲུབ་པ་ནི་ཤིན་ཏུ་དར་ལ། དེ་ལ་ཡང་ཁ་ཟེར་བ་དག་ཡོད་མོད། དུས་ཆོས་རྗེ་ས་སྐྱ་པས་ཤངས་སྲེག་ཞིང་ནས་སློབ་དཔོན་པདྨ་དངོས་ཀྱི་ཕྱག་དཔེའི་རྒྱ་དཔེ་རྙེད་ནས་འགྱུར་མཛད་པས་ཐམས་ཅད་ཁ་རོག་སྟེ་འདུག་གོ །ཁ་ཆེ་པཎ་ཆེན་གྱིས་བསམ་ཡས་སུ་བྱོན་པའི་ཚེ་གསང་བ་སྙིང་པོའི་རྒྱ་དཔེ་རྙེད། ཕྱིས་དེ་རྟ་སྟོན་གཟི་བརྗིད་ཀྱི་ལག་ཏུ་བྱུང་ནས། ཁོང་གིས་ཤ་གང་ལོ་ཙཱ་བ་ལ་ཕུལ། དེས་བཅོམ་ལྡན་རལ་གྲི་ལ་བསྐུར་ནས། བཅོམ་ལྡན་རལ་གྲིས་ཐུགས་ཆེས་ཏེ་གསང་སྙིང་སྒྲུབ་པ་རྒྱན་གྱི་མེ་ཏོག་མཛད། མ་མོ་གནས་སུ་སྔགས་པ་འདུས་པ་ལ་རྒྱ་དཔེ་བསྟན་ནས་ཆེ་བ་བརྗོད། སླད་ཀྱིས་ཐར་པ་ལོ་ཙཱ་བས་སྔོན་མ་བྱུང་བའི་གསང་སྙིང་རྒྱུད་ཕྱི་མ་དང་བཅས་པ་ལ་འགྱུར་མཛད་དེ། དཔེ་དེའི་སྟེང་ནས་མང་རབ་ཅིག་ཟགས་པའི་ལྷག་མའི་རྒྱ་དཔེ་ཁོ་བོའི་ལག་ན་མཆིས་སོ། །ཞེས་གསུངས་པ་འདི་དག་ལས་གསང་སྔགས་སྔ་འགྱུར་གྱི་ཆོས་ཁུངས་ཤིན་ཏུ་བཙུན་ཞིང་། མཁས་གྲུབ་དག་གིས་བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་མཛད་པ་ཞིག་ཡིན་པ་གོ་ནུས། དེ་འདྲའི་རྒྱ་ཆེ་ལ་གཏིང་ཟབ་པའི་ཆོས་ཀྱི་བྱུང་བ་རང་བཞིན་གྱི་ལོ་རྒྱུས་ཐན་ཐུན་རེ་མཐོང་བས་གོ་བར་མི་འགྱུར་བས་ཞིབ་ཏུ་རྩད་གཅོད་པར་བྱ་དགོས་སོ། ། ༢༠༢༡/༥/༡༦ཉིན་སྟོང་དཔོན་བསོད་ནམས་ཡར་འཕེལ་གྱིས་བྲིས། |