དགེ་མང་མཁན་པོ་༧བསྟན་འཛིན་རྡོ་རྗེའི་རྣམ་ཐར་དྲི་བྲལ་པད་དཀར་ཆུན་པོ།།50
དགེ་མང་མཁན་པོ་༧བསྟན་འཛིན་རྡོ་རྗེའི་རྣམ་ཐར་དྲི་བྲལ་པད་དཀར་ཆུན་པོ།།
ཚུལ་ཁྲིམས་རྣམ་དག་གསེར་ལྡན་འཛིན་མའི་ཁྱོན།། འཕགས་པའི་ནོར་བདུན་གངས་ཀྱི་ལྷུན་པོ་བརྒྱུད།། ལུང་རིགས་གདོང་ལྔའི་གད་རྒྱངས་སྒྲོགས་མཁས་པ།། མཚུངས་མེད་བཤེས་གཉེན་དམ་པར་གཙུག་གི་མཆོད།། ཁྱེད་ཀྱི་ཡོན་ཏན་གསང་གསུམ་ནམ་མཁའི་མཐའ།། བདག་བློ་ཁབ་ཀྱི་བུ་གར་མི་ཤོང་མོད།། གྲོགས་དང་དད་པའི་སེམས་ཀྱི་རབ་སྐུལ་དེ།། ཆུ་གཏེར་ཆེ་ལས་ཆུ་ཐིགས་ཙམ་ཞིག་འགོད།། ཞེས་ཚིགས་སུ་བཅད་པའི་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི།དགེ་མང་མཁན་པོ་༧བསྟན་འཛིན་རྡོ་རྗེ་འམ་སྙན་ངག་པ་རྨ་མདུད་གྲོལ་ཞེས་པ་ནི་བོད་རབ་བྱུང་བཅུ་བདུན་པའི་ལྕགས་བྱ་ལོ་སྟེ་ཕྱི་ལོ་༡༩༨༡ལོར་ཡབ་དགེ་མང་པདྨ་ཚེ་རིང་དང་ཡུམ་ཁེ་བཟའ་ཀུན་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་ལོ་བརྒྱད་ལ་སླེབས་སྐབས་ཡི་གེ་འབྲི་ཀློག་ཐམས་ཅད་ཁོང་དུ་ཆུད།དགུ་གྲངས་དགུའི་སྟེང་རབ་ཏུ་བྱུང་ནས་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་དུ་བཞུགས།དགུང་ལོ་བཅུ་གཅིག་སྟེང་སྤྲུལ་སྐུ་དགོད་བསྡུས་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བླངས་ནས་མཚན་ལ་བློ་བཟང་ཚུལ་ཁྲིམས་མཐར་ཕྱིན་ཞེས་གསོལ།དགུང་གྲངས་ཉི་ཤུའི་སྟེང་ངག་དབང་༧པདྨ་རྣམ་རྒྱལ་གྱི་མདུན་ནས་དགེ་སློང་གི་སྡོམ་བླངས་ཤིང་མཚན་ལ་བློ་བཟང་ཚུལ་ཁྲིམས་མཐར་ཕྱིན་བཞེས་གསོལ། བླ་བྲང་དགེ་བཤེས་ཆེན་མོ་འཇམ་དབྱངས་རྒྱ་མཚོ། ཨ་ལགས་ཀོ་རི།ཨ་ལགས་རི་ཤིས་དང་མཁན་ཕན་སེམས་རིན་པོ་ཆེ་བློ་བཟང་ཀུན་མཁྱེན་སོགས་ཀྱི་མདུན་ནས་མགོན་ཆོས་སྡེ་ལྔ་དང་འཇིག་བྱེད།མཁའ་སྤྱོད་མའི་བསྐྱེད་རྫོགས་ཀྱི་དབང་ལུང་དང་རྗེས་གནང་སོགས་ཞུས།རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་།བླ་མཆོད་གྱི་ཁྲིད་ལུང་།གདུགས་དཀར་བྱད་གྲོལ་གཏད་གྲོལ། དུས་འཁོར་གྱི་དབང་སོགས་ལེགས་པར་ཞུས སྤྱི་ལོ་༡༩༩༤རྣལ་འབྱོར་བ་ཆེན་མོ་མཁན་ཆེན་༧སྦྱིན་པ་རྒྱ་མཚོའི་མདུན་ནས་སྙིང་ཐིག་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་དང་སྔོན་འགྲོ་ངག་འདོན་སོགས་ཀྱི་ཁྲིད་ཞུས་ཏེ་འབུམ་ལྔ་བསོགས་ནས་རྒྱུགས་སྤྲད་པར་མ་ཟད་དམ་པ་གང་གིས་རྗེས་སུ་ཁོང་གིས་ཁྲིད་འདི་གསུང་མི་ཐུབ་པས་འདིའི་ཁྲིད་རྒྱུན་ཁྱོད་ཀྱིས་སྤེལ་དགོས་ཞེས་ཡང་ཡང་གསུངས། རྗེས་སུ་མཁན་ཆེན་ཚང་དགོངས་པ་རྫོགས་ལ་ཉེ་སྐབས་ངེད་དགེ་སློབ་གཉིས་མདུན་དུ་སོང་བ་ན་ཁོང་གིས་གནང་བའི་ཁྲིད་རྒྱུན་འདི་རྣམས་ཁྱེད་ཀྱི་སྤེལ་དགོས་ཞེས་ཞལ་ཞེས་མཛད་པ་བདག་གི་དངོས་སུ་ཐོས་སོ། །ཕྱི་ལོ་༡༩༩༦ལོར་ཨ་སྐྱོང་བླ་མ་རྟོགས་ལྡན་༧བློ་གྲོས་རྒྱ་མཚོའི་མདུན་དུ་སོང་ནས་ནམ་མཁའ་སྤྲིན་བྲལ་དང་མཁའ་དབྱིངས་ཉི་ཟླ་སོགས་དམ་པ་གང་གི་གསུང་གི་སྐོར་གྱི་གཙོས་ལྟ་བ་མཁའ་ལྡིང་གཤོག་རླབས་དང་སེམས་ངོ་མཛུབ་ཚུགས།ཚིག་གསུམ་གནད་རྡེག་སོགས་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་བརྒལ་གྱི་སྐོར་དང་། གཞན་ཡང་མཛོད་བདུན་དང་ཡོན་ཏན་མཛོད་སོགས་མཐའ་ཡས་པའི་གདམས་ངག་བླངས་ཏེ་སྤྱི་བོས་གཙུག་ཏུ་བཀུར། རྫོགས་ཆེན་གྱི་དམ་པ་དུ་མ་བསྟེན་ཏེ་མན་ངག་དུ་མ་གསན་པར་མ་ཟད་གཟུངས་བསྡུས་སོགས་ཀྱི་ལུང་ཡང་ཞུས། རྟོགས་ལྡན་བློ་གྲོས་རྒྱ་མཚོས་སྤྱིར་སྔོན་གྱི་ཚོགས་བསགས་དང་སྒྲིབ་སྦྱོང་རེ་མེད་ན་ཟབ་ཆོས་འདི་དང་མི་འཕྲད་དགོས་སུ་ཁྱེད་དགུང་གྲངས་འདི་འདྲའི་གཞོན་དུས་སུ་སྔོན་འགྲོ་དང་འབུམ་ལྔ་སོགས་ལེགས་པར་གྲུབ་ནས་ཐེག་དགུའི་ཡང་རྩེ་ཟབ་གསང་རྫོགས་པ་ཆེན་པོ་འདི་དང་འཕྲད་པ་ནི་སྐྱེ་སྔོན་ལས་འཕྲོ་བཟང་པོ་ཡོད་པའི་རྟགས་སོ་ཞེས་ཀུན་ལས་ལྷག་པའི་ཐུགས་བརྩེ་གནང་། དེ་ནས་ཕྱིར་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་དུ་ཕེབས་ཏེ་བསྡུས་གྲྭ་བློ་རྟགས་དང་ཚད་མའི་སྐོར་ལ་སྦྱངས་པ་བྱས་ཤིང་། མཁན་ཆེན་༧བློ་བཟང་སྙན་གྲགས་ཀྱི་མདུན་ནས་རྗེ་ཙོང་ཁ་བ་དང་མཁས་གྲུབ་རྗེའི་གསུང་འབུམ་ཕལ་ཆེར་དང་རྒྱལ་ཚབ་རྗེའི་གསུང་འབུམ་གྱི་ལུང་ཆ་ཚང་། རྒྱན་དང་བསྟོད་ཆེན་བཞི།ལམ་རིམ་བསྡུས་དོན།སྐྱེས་བུ་གསུམ་གྱི་སྲུང་མ་སོགས་ཀྱི་ལུང་ལན་དུ་མར་ཐོབ། ༡༩༩༨ལོར་བླ་བྲང་བཀྲ་ཤིས་འཁྱིལ་དུ་བྱོན་ཏེ་མཁན་ཆེན་རྣམ་བཞིའི་ཡ་གྱལ་དགེན་དཔལ་ལྡན་གྱི་མདུན་ནས་བྱང་ཆུབ་ལམ་རིམ་དང་བློ་རྟགས།གྲགས་པའི་མདུན་ནས་བསྡུས་གྲྭ འཇམ་དབྱངས་རྒྱ་མཚོའི་མདུན་ནས་བསེ་བསྡུས་གྲྭ་དང་ཚད་མ།བློ་གསལ་འཇུག་ངོགས་དང་པྲ་ཏིའི་སུམ་རྟགས་སོགས་སུམ་དག་རྟགས་གསུམ་སོགས་ཞུས་པར་མ་ཟད་དབང་ལུང་སོགས་ཀྱང་བླ་ན་མེད་པ་ཐོབ།ཕྱི་ལོ་༢༠༠༠ལོར་ཕྱིར་རང་དགོན་དུ་ཕེབས་ཏེ་ཡོངས་འཛིན་དགེ་བའི་བཤེས་གཉེན་༧ཀུན་གསལ་རྒྱ་མཚོ་སྤྱི་བོས་གཙུག་ཏུ་བཀུར་ཏེ་ཚད་མ།ཕར་ཕྱིན། དབུ་མ། མཛོད། འདུལ་བ་སོགས་ཀྱི་སྐོར་དང་བྱང་ཆུབ་ལམ་རིམ་ཆེན་མོ་དང་ལམ་རིམ་གསེར་ཞུན་མ།དབལ་མང་པཎ་ཌི་ཏའི་རྒྱུད་སྡེའི་སྤྱི་རྣམ།ལམ་གཙོ་རྣམ་གསུམ་གྱིས་མཚོན་པའི་མན་ངག་མང་དུ་གསན། གཞན་ཡང་། ཁང་སར་སྤྲུལ་སྐུ་༧བསྟན་པའི་དབང་ཕྱུག་གི་མདུན་ནས་ཚིག་གསུམ་གནད་བདག་དང་ཡེ་ཤེས་བླ་མ་སོགས་དང་ཐོས་གྲོལ་ཆེན་མོའི་དབང་། དགེ་མང་མཁན་པོ་པདྨ་དབང་རྒྱལ། པདྨ་རིག་འཛིན། མཁན་ནད་མེད། མཁན་ཚེ་གྲུབ།བླ་མ་ཐོགས་མེད། མཁན་པོ་ཐོས་ལྡན། རྫོགས་སྤྲུལ་དཀོན་མཆོག་སོགས་ཀྱི་མདུན་ནས་བསྟན་པ་བུ་གཅིག་གི་རྒྱུད། ཉམས་ལེན་སྤར་བཅིང་མ། རྒྱུད་བཅུ་བདུན། རྫོགས་ཆེན་སྙན་བརྒྱུད། ཞི་ཁྲོའི་དབང་ལུང་། ཕུར་བའི་དབང་ལུང་། གཟུངས་བསྡུས་ལུང་། ལེའུ་བདུན་སོགས་འདོན་ཆོག་གི་སྐོར་དང་གདམས་པ་སོགས་ཞུས་སོ།། རང་དགོན་ནས་ལོ་དུ་མར་དཔེ་ཆ་ཤོག་གྲངས་༧༠༠ནས་༡༠༠༠ལྷག་བློར་བཟུང་ནས་ཚོགས་རྒྱུགས་སུ་སྤྲད་དེ་ཨང་དང་པོ་དང་། གཉིས་པའི་རྩོད་རྒྱུགས་ཀྱི་སྐབས་སུའང་ཨང་དང་པོ་བསྟུན་མར་བླངས། ༢༠༠༢ལོར་དགོན་འདིར་བཀའ་དྲིན་གཞན་ལས་ལྷག་པའི་དགེ་བའི་བཤེས་གཉེན་༧ཀུན་གསལ་རྒྱ་མཚོས་ཆེད་དུ་བཤད་གྲྭའི་མཁན་པོའམ་དགེ་རྒན་དུ་བསྐོས། དེ་ནས་བཟུང་གཞུང་དུ་མ་འཆད་ཁྲིད་གནང་པར་མ་ཟད་བཤད་གྲྭའི་ཕྱི་ནང་གསང་གསུམ་ལ་ཐུགས་ཁུར་གནང་སྟེ་སྒྲིག་ལམ་དང་སློབ་གཉེར་བྱེད་ཚུལ་སོགས་ལ་དག་བཅོས་མང་དུ་མཛད།
བཤད་གྲྭའི་སློབ་གཉེར་བདག་དམ་གྱི་ཆེད་དུ་གླིང་སྐོར་དང་སྒྲིག་ལམ་སྣ་ཚོགས་ལ་དོ་དམ་བྱས། རང་ཉིད་སླར་ཡང་གྲྭ་ས་དང་།བླ་མ་དམ་པ་དག་གི་མདུན་དུ་མན་ངག་ཞུ་རུ་འགྲོ་འདོད་ཆེ་ཡང་དགོན་པའི་བཤད་གྲྭ་དང་སློབ་མ་ཚོའི་མདུན་ལམ་གྱི་ཆེད་དུ་རང་དོན་བསྐྱུར་ནས་ཅི་ལྕོགས་ཀྱིས་སློབ་མ་རྣམས་བསྐྱེད་སྲིང་བྱས་ནས་བཞུགས། གཞན་ཡང་ཁོང་སྐུ་ན་ཆུང་དུས་སུ་དགེ་མང་མཁན་པོ་པདྨ་དབང་རྒྱལ་ཀྱིས་བན་ཆུང་འདི་བློ་གསལ་ལ་ངང་རྒྱུད་བཟང་བ་སོགས་ལ་དཔག་ན་དམ་པ་ཞིག་གི་སྐྱེ་སྤྲུལ་ཡིན་པ་ཐག་གི་ཆོད་གསུངས་པར་མ་ཟད། གཏེར་ཆེན་༧པདྨ་གཏུམ་པོ་མཆོག་གིས་ཀྱང་དམ་པ་རེས་མཚན་གསོལ་ནས་ཁྱེད་ལུང་སྔོན་དགོན་པར་བཞུགས་ནས་ཐོས་བསམ་མཛོད་དང་ཡག་པོ་ཡོང་གི་རེད་གསུངས།དེ་དུས་ཁོང་གི་ཉེ་འབྲེལ་རྒན་པ་འགའ་རེའི་དེ་ལྟར་བྱས་ན་ལེགས་བླ་མའི་གསུང་ལ་རྟེན་འབྲེལ་ཡོད་རྒྱུ་རེད་ཟེར་ཡང་།ཁོང་གིས་ང་བཟང་པོ་ཞིག་ཡིན་ན་གང་དུ་བསྡད་ན་གཅིག་ཡིན་གསུངས་ནས་བླ་ཆེན་མིང་གྲགས་ཀྱི་ཆོ་ལོ་བདག་གིར་མ་བྱས་པར་རང་དགོན་དུ་བསྟན་པ་ལ་གང་ཕན་ཕན་གྱི་ཞབས་ཞུ་སྒྲུབ་ནས་བཞུགས་པ་འདི་ནི་དམ་པ་ཁོང་གི་རྣམ་ཐར་རྨད་དུ་བྱུང་བ་ཞིག་གོ ༢༠༠༢ནས་ད་ལྟའི་བར་དུ་རྒྱུན་དུ་ནང་བསྟན་དང་ཚད་མ།སུམ་དག་རྟགས་གསུམ།མན་ངག་སྐོར་བཅས་དཔེ་ཁྲིད་མཛད།མང་ཚོགས་ལའང་བདེ་ཆེན་ཞིང་ཁྲིད་དང་ཞག་བརྒྱ།སྔོན་འགྲོའི་སྐོར་སོགས་ཡང་ཡང་གསུངས་པར་མ་ཟད་དམངས་དམ་ཁང་གི་བྱ་བ་ཡང་བསྒྲུབས། ༢༠༡༦ལོར་ཚོགས་ཆེན་མཁན་པོའམ་རྩི་གཞག་གི་མཚན་གསོལ་ཤིང་༢༠༡༩ལོར་ཚོགས་ཆེན་མཁན་པོའི་འགན་དངོས་སུ་བླང་། འཇང་ཆོས་དབུ་ཚུགས་པ་ནས་བཟུང་རང་དགོན་གྱི་བཤད་གྲྭའི་སྤུས་ཚད་མཐོ་རུ་མ་སླེབས་ཀྱི་བར་དུ་རང་ཉིད་ཀྱིས་གཙོར་བྱས་ནས་སྣེ་ཁྲིད་བྱས་ཏེ་དམ་བཅའ་དང་རྟགས་གསལ་གཏོང་བ་བཅས་བསྟན་ལ་བྱ་བ་རྒྱ་ཆེར་བྱས་ཤིང་གཅིག་དུ་བྲལ་སོགས་ཀྱི་དམ་བཅར་ཞུགས་པར་ཐུན་མོང་མ་ཡིན་པའི་འཛིན་མཚམས་དང་རིགས་ལམ་གྱི་རྣམ་དཔྱོད་ལ་རྭ་རྒྱ་དགའ་ལྡན་འབྱུང་གནས་ཀྱི་དགེ་བཤེས་རྣམས་ཀྱིས་བསྟོད་བསྔགས་གནང་བར་མ་ཟད་མཁས་པའི་མཚན་སྙན་ཕྱོགས་ཕྱོགས་སུ་རབ་ཏུ་གྲགས། མདོ་ཁམས་དབུ་མའི་བགྲོ་གླེང་གི་དམ་བཅའ་ལ་བཞུགས་ནས་རིག་པའི་རྣམ་དཔྱོད་ཀྱི་དེར་བཞུག་པའི་མཁས་མང་དགེ་བའི་བཤེས་གཉེན་རྣམས་ཐུགས་དགྱེས་པའི་མཆོད་སྤྲིན་དུ་གྱུར། བརྩམས་ཆོས་ལ་བསླུ་མེད་སེམས་ཀྱི་གཏམ་དང་། རེ་སྙེག་པའི་གསང་ལམ། རིང་ནས་འདྲིས་པའི་གྲོགས་ལ་སྨྲས་པའི་གཏམ་ཐར་འདོད་སྐྱེས་བུའི་སྒོས་སྐལ་དང་། རྣམ་འགྲེལ་གྱི་རིགས་ལམ། གཅིག་དུ་བྲལ་སོགས་ཕར་ཕྱིན་གྱི་བསྐོར་ཡོད་པར་མ་ཟད་གངས་རྒྱན་མེ་ཏོག་དང་།ཤྭ་སྐྱ།ཀུར་གུམ་ཆུན་པོ།ཟླ་ཟེར་སོགས་དུས་དེབ་དང་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ་སོགས་སུ་རྩོམ་ཡིག་བརྒྱ་ལྷག་བཀོད་དེ་ཀློག་པ་པོ་རྣམས་ཀྱིས་གདེང་འཇོག་མཐོར་པོར་གནང་།གཞན་ཡང་སྙན་ངག་པ་འཇུ་སྐལ་བཟང་སོགས་རླབས་ཆེན་མི་སྣ་མང་པོའི་བསྟོད་བསྔགས་ཀྱི་མེ་ཏོག་མཐོར་དང་མཐོར་བཞིན་པ་འོ།། ད་ལྟ་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་གི་བཤད་གྲྭ་རྨད་བྱུང་མཐོ་རིམ་སློབ་གླིང་དུ་བློ་གསལ་བཙུན་པའི་སྡེ་ལ་འཆད་ཁྲིད་ཀྱི་ཕྱག་ལས་གནང་བཞིན་པ་བཅས་སོ།།
དམ་པ་འདི་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ན། དགེ་མང་བསྟན་འཛིན་རྡོ་རྗེའམ་རྨ་མདུད་གྲོལ་ནི།ཕྱི་ལོ་1981ལོར་མགོ་ལོག་དགའ་བདེ་རུ་སྐྱེས་ཤིང་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཚད་མ་དང་ཕར་ཕྱིན།སུམ་རྟགས་དག་གསུམ་དང་སྙན་ངག་སོགས་ལ་ཡང་དག་པར་སྦྱངས།ཕྱི་ལོ་༢༠༠༢ལོར་སྟོང་སྐྱབས་དགོན་པ་རུ་བཀའ་པོད་ལྔ་ལ་སྦྱངས་ཏེ་བསྟུན་མར་དགོན་པ་ཡོངས་ཀྱི་ཨང་དང་པོ་བླངས་ཤིང་༢༠༠༨ལོར་རྒྱུགས་ཡོངས་རྫོགས་ཀྱི་མཐར་ཕྱིན་པར་མ་ཟད།༢༠༠༢ལོར་སྟོང་སྐྱབས་བཤད་གྲྭ་ཐོས་བསམ་མཐོ་རིམ་སློབ་གླིང་གི་དགེ་རྒན་དུ་ཆེད་དུ་བསྐོས།ཞོར་དུ་སུམ་རྟགས་དག་གསུམ་དང་སྙན་ངག་སོགས་འཆད་ཁྲིད་གང་མང་བྱས།མགོ་ལོག་འཇང་ཆོས་ལ་ཆད་མེད་དུ་བཞུགས་ཏེ་དམ་བཅའ་དང་རྩོད་པའི་རྣམ་དཔྱོད་གྲྭ་ས་ཆེ་ཁག་དང་ཕྱོགས་སོ་སོར་ཁྱབ། གངས་ལྗོངས་ཟབ་དོན་དབུ་མའི་བགྲོ་གླེང་སོགས་ཞིང་ཆེན་ལྔའི་ནང་བསྟན་བགྲོ་གླེང་ཆེ་ཁག་ཏུ་གདན་ཞུ་ལྟར་ཐེངས་མང་ལ་བྱོན།ཀྲུང་གོའི་བོད་བརྒྱུད་མཐོ་རིམ་སློབ་གླིང་དུ་རྒྱུགས་འཕྲོད་ཀྱང་ཕ་ཡུལ་གྱི་སློབ་བུ་རྣམས་ཀྱི་ཆེད་དུ་མ་སོང་བར་སློབ་ཁྲིད་བྱས་ནས་བསྡད། རང་ལོ་བཅུ་གཉིས་ནས་རྩོམ་རིག་གི་བྱ་བ་ལ་ཞུགས་ཤིང་།སྔ་གཞུག་ཏུ་<<གངས་རྒྱན་མེ་ཏོག >><<ཀུར་གུམ་ཆུན་པོ། >> མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ།མཚོ་སྔོན་བོད་སྐད་རླུང་འཕྲིན་རྩོམ་རིག་སོགས་བོད་ཀྱི་དུས་དེབ་དང་དྲ་བ་ཆེ་གྲས་སུ་རྩོམ་ཡིག་བརྒྱད་ཅུ་ལྷག་བཀོད་མྱོང་བར་མ་ཟད་བྱ་དགའ་དང་ཀློག་པོས་དགའ་བསུ་གང་མང་ཐོབ་མྱོང་། བརྩམས་ཆོས་ལ་<<བསླུ་མེད་སེམས་ཀྱི་གཏམ། >><<རེ་སྙེག་པའི་གསང་ལམ། >>དང་།བརྩམས་ཟིན་པར་དུ་འགོད་ལ་ཉེ་བའི་《རྟེན་འབྱུང་གི་གསང་ཚིག》《ཚད་མའི་རིགས་ལམ།》《སྐྱབས་འགྲེལ་ཐུབ་བསྟན་འཇུག་སྒོ་》སོགས་ཡོད། ད་ལྟ་མགོ་ལོག་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། མདོ་སྨད་འཇང་དགུན་ཆོས་ཀྱི་དཔྱད་རྩོམ་ཆེད་དེབ་《མདོ་སྨད་ཆོས་གྲྭའི་དྷཱིཿ སྐད》ཀྱི་རྩོམ་སྒྲིག་པ་དང་། སྟོང་སྐྱབས་ཐོས་བསམ་མཐོ་རིམ་སློབ་གླིང་གི་དགེ་རྒན་ཡིན་པ་བཅས།
ཁོང་གི་སྙན་ངག་དག་མང་ཆེ་བ་སྲོལ་རྒྱུན་སྙན་ངག་ཡིན་ལ་སྒྲ་རྒྱན།གཟུགས་རྒྱན།དཔེ་རྒྱན།རབ་བཏགས་ཀྱི་རྒྱན་སོགས་ཀྱིས་བཅིངས་པའི་སྙན་ངག་ཕུན་སུམ་ཚོགས་པ་ཡོད།ཀློག་པ་པོའི་སེམས་ཁམས་དང་བར་ཐག་ཉེ་བའི་ཐ་སྙད་སྤྱད་དེ་རང་བཞིན་བརྗོད་པའི་རྒྱན་གྱི་ལམ་ནས་བྲིས་པའི་སྙན་ངག་མཁས་པས་གཟིགས་ན་ཚིག་སྦྱོར་ལེགས་ལ་བླུན་པོས་བལྟས་ན་གོ་སླ་བའི་བྲིས་རྩལ་ཕུན་སུམ་ཚོགས་ཡོད་པ་ནི་ཁོང་གི་སྙན་ངག་གི་ཁྱད་ཆོས་ལགས།དཔེར་ན། ཁ་རྩང་དྲན་ན་ཡང་དེ་རིང་བརྗེད་སྲིད།། ཞེས་སོགས་ཚིག་བཅད་བརྒྱ་ཕྲག་དུ་མ་ཀློག་པ་པོ་མང་ཤོས་ཀྱི་འཚོ་བའི་ཁྲོད་དུ་དཀའ་ཁེག་ལ་འཕྲད་སྐབས་ལུས་སེམས་ཁམས་གསོ་བའི་སེམས་ཀྱི་སྨན་མཆོག་ལྟ་བུར་གྲུབ་ཡོད། ད་དུང་།རྩོམ་རིག་གི་ཀློང་ན་འཕུར་བའི་རྣམ་ཤེས། ཐེ་ཚོམ་གྱི་འཇིག་རྟེན་ལས་བྲོས་པ།ངའི་མིག་ནང་གི་ཙོང་ཁ་བ།རྟེན་འབྱུང་གི་གསང་ཚིག སྒྱུ་མའི་གྲོང་ནས་རྙེད་པའི་མགུར་ཆུང་སོགས་རྩོམ་ཡིག་བརྒྱ་ཕྲག་དུ་མ།ཀློག་པ་པོ་རྣམ་པའི་སྤྱན་ལམ་ཕུལ་ཡོད།ད་དུང་མུ་མཐུད་དུ་གཞུང་ལུགས་དང་སྙན་ངག་གི་བརྩམས་ཆོས་དག་རྩོམ་པ་ལ་འཇུག་བཞིན་ཡོད་པར་མ་ཟད་སྟོང་སྐྱབས་དགོན་བསྟན་གཉིས་དར་རྒྱས་གླིང་གི་མཁན་པོ་ལས་ཐོག་པའི་འགན་བཞེས་ཡོད། |