ཨ་ཡིག་རིག་མཛོད།

འབྲེ་ཆེན་པོ་ཤེས་རབ་འབར་གྱི་རྣམ་ཐར།

43

ཕར་ཕྱིན་བཀའ་བབས་ཀྱི་ཆུ་བོ་གཅིག་འདུས་འབྲེ་ཆེན་པོ་ཤེས་རབ་འབར་ཞབས།


འབྲེ་ཆེན་པོ་ཤེས་རབ་འབར་མཆོག་ནི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་སློབ་མ་གཙོ་བོ་བཞིའི་མཆོག་ཆེ་བ་ཡིན། དམ་པ་འདིས་སྐྱེགས་གནས་རྙིང་སོགས་སུ་ཆོས་འཁོར་དཔག་ཏུ་མེད་པ་བསྐོར། ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་སྤྱི་དང་ལྷག་པར་དུ་ཕར་ཕྱིན་ལ་མཁས་པའི་མཆོག་ཏུ་གྱུར་པ་ཞིག་ཡིན་པས། མངོན་པར་རྟོགས་པའི་རྒྱན་གྱི་བཀའ་བབས་སུ་གྲགས། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་བསྟན་བཅོས་གཉིས་ག་ལ་བཤད་པ་ཤིན་ཏུ་རྒྱ་ཆེ་བར་མཛད།

ཁོང་ཉིད་ཀྱིས་ཟབ་ཆོས་སྣ་ཚོགས་བཤད་པའི་སྐབས་སུ་ལྷ་རྣམས་ཀྱང་ཆོས་ཉན་དུ་འོང་བར་གྲགས། དམ་པ་འདི་ནི་སྔོན་བྱོན་རྣམས་ཀྱི་ནང་ནས་ཆེས་ཁྱད་པར་དུ་འཕགས་པའི་སྐྱེས་བུ་ཆེན་པོ་ཞིག་ཡིན། ཁོང་ཉིད་ཀྱི་བཤད་པ་དེ་ནི་བསྟན་པ་སྔ་དར་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་རྒྱུན་ཁམས་སུ་འཕོས་པ་ལས་བྱུང་བ་ཡིན། དེ་ཡང་ཁོང་ཉིད་ཀྱི་བཤད་པའི་རྒྱུན་གྱི་གཙོ་བོ་ནི་ཨར་བྱང་ཆུབ་ཡེ་ཤེས་ཀྱིས་བཟུང་། ཁོང་ལ་མཁས་བཙུན་བཟང་གསུམ་དང་ལྡན་པའི་སློབ་མ་གྲངས་ལས་འདས་ཀྱང་། ཨར་བྱང་ཆུབ་ཡེ་ཤེས་ནི་ཁོང་གི་སློབ་མ་གཙོ་གྲས་ཤིག་ཡིན། ཁོང་ཉིད་དགུང་ལོ་ཤིན་ཏུ་བགྲེས་པའི་བར་དུ་གནམ་རྩེ་ལྡང་སོགས་སུ་གཞུང་ཆེན་པོ་རྣམས་ལ་འཆད་ཉན་སྒོམ་སྒྲུབ་མཛད། ད་དུང་དམ་པ་འདིས་རྒྱལ་ལྷ་ཁང་གི་གདན་ས་མཛད་ཅིང་། མདོ་དང་བསྟན་བཅོས་རྣམས་གྱི་རྣམ་པར་བཤད་པའང་མང་དུ་བརྩམས།

བོད་གངས་ཅན་ལྗོངས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བཤད་པ་ཕལ་ཆེ་བ་ནི་འབྲེ་ཆེན་པོ་ཤེས་རབ་འབར་དང་ཨར་བྱང་ཆུབ་ཡེ་ཤེས་གཉིས་ལ་བརྟེན་པ་རྐྱང་པ་ཡིན། ད་དུང་ཁུལ་ཤེར་བརྩོན་སོགས་ཀྱིས་ཀྱང་འབྲེ་ཨར་ལ་བསྟེན། དམ་པ་འདིས་མཛད་པའི་ཕར་ཕྱིན་གྱི་འགྲེལ་པ་དང་། ཉི་ཁྲིའི་འགྲེལ་པ། མདོ་སྡུད་པའི་འགྲེལ་པ་བཅས་མང་ངོ་། །

རྩོམ་གྱི་ཡོངས་ཁུངས་དཔེ་རྙིང་།

03.png

分享到: